ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་ཀན་སུའུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གཉིས་ཀྱིས་མཉམ་དུ་གཉེར་བའི“ལན་ཟི་གྲོང་ཁྱེར་ཁྱུ་ཚོམ་གྱི་ཆེད་དོན་གདན་ཞུའི་ཚོགས་འདུ”དེ་ཟི་ལིང་གྲོང་ཁྱེར་དུ་གཉེར། བསྡོམས་རྩིས་བྱས་པ་ལྟར་ན། ཉིན་དེར་ཁྱོན་མི300ལྷག་ཚོགས་རའི་གདན་ཞུ་ནང་ཞུགས་པ་དང་། མི60ལྷག་གིས་ལས་ཞུགས་མོས་མཐུན་བཞག
ཐེངས་འདིའི་བྱེད་སྒོ་ནི་ལན་ཟི་གྲོང་ཁྱེར་ཁྱུ་ཚོམ་གྱི་མི་ཤུགས་ཐོན་ཁུངས་ཀྱི་འབྲེལ་འདྲིས་མཉམ་ལས་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་མཉམ་ལས་བྱེད་ཐེངས་དང་པོའང་ཡིན་པས། ཞིང་ཆེན་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་དང་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
བྱེད་སྒོའི་དུས་མགོར། ཞིང་ཆེན་གཉིས་ཀྱི་ཞིང་ཆེན་རིམ་པའི་མི་ཤུགས་ཐོན་ཁུངས་ཀྱིས་ཞིང་ཆེན་གཉིས་ཀྱི་ཁེ་ལས་སྤུས་དག60ལྷག་བསྡུས་ནས་གདན་ཞུའི་ནང་ཞུགས་པ་དང་། འཕྲུལ་ཆས་བཟོ་སྐྲུན་དང་སྨན་བཅོས་འཕྲོད་བསྟེན། ཆ་འཕྲིན་ལག་རྩལ། ཁྱིམ་སྤྱོད་ཇུས་འགོད། ཁང་སའི་ཐོན་ལས། བཟའ་བཏུང་། སློབ་གསོ། སིལ་ཚོང་། མཛེས་བཟོ། དངུལ་རྩ་སོགས་ལས་རིགས10ལྷག་གི་ལས་གནས6000ལྷག་འདུས།
ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་འབྲེལ་འདྲིས་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ལན་ཟི་གྲོང་ཁྱེར་ཁྱུ་ཚོམ་འཛུགས་སྐྲུན་གྱི“1+3+10”ཡི་འགུལ་སྤྱོད་འཆར་གཞིའི་དགོངས་དོན་དོན་འཁྱོལ་བྱ་ཆེད། བྱེད་སྒོ་སྤེལ་རིང་། ཞིང་ཆེན་གཉིས་ཀྱི་འབྲེལ་ཡོད་ལས་དོན་གྱི་འགན་འཁུར་བས་ལན་ཟི་གྲོང་ཁྱེར་ཁྱུ་ཚོམ་གྱི་མི་ཤུགས་ཐོན་ཁུངས་ཀྱི་འབྲེལ་འདྲིས་དང་མཉམ་ལས་ལམ་སྲོལ་ཇི་ལྟར་འཛུགས་པའི་ཐད་ཐོག་མའི་མོས་མཐུན་བྱུང་བ་རེད། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བྱས་ནས། ལན་ཟི་གྲོང་ཁྱེར་ཁྱུ་ཚོམ་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་གྲོང་ཁྱེར་ཁྱུ་ཚོམ་གྱི་མི་ཤུགས་ཐོན་ཁུངས་འདེགས་སྐྱོར་གྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དང་། ཞིང་ཆེན་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མི་ཤུགས་ཐོན་ཁུངས་ཀྱི་འགན་ལེན་ནུས་ལྡན་བྱས། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མི་ཤུགས་ཐོན་ཁུངས་ཀྱིས་མཉམ་ལས་ཐེངས་དང་པོ་བྱས་ཏེ་ལན་ཟི་གྲོང་ཁྱེར་ཁྱུ་ཚོམ་གྱི་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་པ།