ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དྲ་རྒྱའི་ཐད་གཏོང་སྟེགས་བུར་བརྟེན་ནས་མ་རབས་ཐ་ཤལ་དང་གཡེམ་སྦྱོར་ཆགས་སྲེད་ཀྱི་ནང་དོན་བརྒྱུད་སྒྲོག་བྱེད་མཁན་ལ་རྡུང་རྡེག་ནན་མོ་བྱས་ཏེ་དྲ་རྒྱའི་ཁོར་ཡུག་གཙང་སེལ་བྱ་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱི་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ“དྲ་གྲགས”གཉིས་ཀྱིས་དྲ་རྒྱའི་ཐད་གཏོང་སྟེགས་བུར་བརྟེན་ནས་འགྲན་བསྡུར་བྱེད་པའི་གོ་རིམ་ཁྲོད་འཆལ་གཏམ་སྣ་ཚོགས་བརྒྱུད་སྒྲོག་བྱེད་པ་ཤེས་རྟོགས་བྱུང་། ཞིབ་བཤེར་བྱས་པ་བརྒྱུད། རྫ་སྟོད་མངག་གཏོང་ཁང་དང་དྲིན་ཆེན་མངག་གཏོང་ཁང་གཉིས་ཀྱིས་རོགས་འདེགས་བྱས་འོག ཁྲིམས་འགལ་དོགས་ཡོད་ཉེས་ཅན་རིན་ཆེ་གེ་མོ་དང་གཡུང་ཆེ་གེ་མོ་ཡིན་པ་གཏན་འཁེལ་བྱས་པ་དང་། དྲ་རྒྱའི་མདོ་འཛིན་པ་རིན་ཆེ་གེ་མོ་དང་གཡུང་ཆེ་གེ་མོས་དྲ་རྒྱར་ཞུགས་པའི་མི་གྲངས་ཇེ་མང་དང་དོ་ཁུར་བྱེད་ཐེངས་རྒྱ་ཆེར་འཕར་ཆེད། དྲ་རྒྱའི་ཐད་གཏོང་སྟེགས་བུར་བརྟེན་ནས་མ་རབས་ཐ་ཤལ་དང་གཡེམ་སྦྱོར་ཆགས་སྲེད། ཚུལ་མིན་གྱི་སྐད་ཆ་སོགས་བཤད་པས་ཐད་གཏོང་ལ་ལྟ་མཁན་གྱི་མི་གྲངས་ལྔ་བརྒྱ་ལས་བརྒལ་ནས་དྲ་རྒྱའི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་བཟོས།
ཁྲི་འདུ་རྫོང་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས་ཁྲིམས་ལྟར་རིན་ཆེ་གེ་མོ་དང་གཡུང་ཆེ་གེ་མོ་འབོད་འགུག་བྱས་པ་དང་། རིན་ཆེ་གེ་མོ་དང་གཡུང་ཆེ་གེ་མོས་ཐད་གཏོང་ནང་ཆགས་སྲེད་ཆ་འཕྲིན་སྒྲོག་སྤེལ་བྱས་པའི་ཁྲིམས་འགལ་དོན་དངོས་ལ་སྦ་གསང་མེད་པར་ངོས་ལེན་བྱས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་སྐོར་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་རེ་བརྒྱད་པའི་ནང་གཏན་འབེབས་བྱས་ཡོད་པ་ལྟར། རིན་ཆེ་གེ་མོ་དང་གཡུང་ཆེ་གེ་མོར་ཉིན་བཅུའི་སྲིད་འཛིན་བཀག་སྐྱིལ་བྱེད་པའི་ཁྲིམས་ཆད་བཅད་པ་དང་འབྲེལ་ཡོད་ཐད་གཏོང་གི་དྲ་སྒོ་དུས་གཏན་དུ་སྒོ་བརྒྱབ་པ་རེད། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་སྔོན་གྱི་དྲ་གྲགས་གཉིས་བཀག་སྐྱིལ་བྱས་པ་དང་དྲ་སྒོ་དུས་གཏན་དུ་སྒོ་བརྒྱབ་པ།