2021ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཚོགས་ར་གཙོ་བོའི་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཟི་ལིང་ནས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཚོགས་ར་གཙོ་བོའི་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན་ཟི་ལིང་ནས་འཚོགས། རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིན་མེན་དང་། རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཧྲིན་ཀྲང་གཞོན་པ་ལིའུ་ཐོ་གཉིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཀྲའོ་དབྱིན་མེན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་འགན་འཁྲི་ནི་སྐྱེ་ཁམས་ཡིན་ཞིང་། ཆེས་ཆེ་བའི་སྦས་ཤུགས་ཡང་སྐྱེ་ཁམས་ཡིན་པས། མཚོ་སྔོན་དུ་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཚོགས་ར་གཙོ་བོའི་བྱ་འགུལ་བསྡུས་པར་དོན་སྙིང་ཆེན་པོ་ལྡན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གྲུབ་འབྲས་ཀྱི་ཁྲིད་ཕྱོགས། ཕན་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱ་འགུལ་སྟེགས་བུ་རུ་བྱེད་པ། བསམ་བློ་སྟེང་ནས་རྒྱུས་ལོན་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་ཐུན་མོང་ལྟ་བ་གཅིག་ཏུ་བསྡུ་བ། ལྗང་མདོག་གི་དར་སྲོལ་ལ་སྣེ་ཁྲིད་བྱས་ནས། ས་གནས་ཀྱི་ཁྱད་ཆོས་འགྲེམ་སྟོན་བྱེད་དགོས། འགན་འཁྲི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། གཙོ་གནད་འབུར་དུ་ཐོན་པར་བྱེད་པ། འགོ་ཁྲིད་ལ་ཤུགས་སྣོན་པ། གཅིག་གྱུར་སྒོས་སྤེལ་བ། ལག་བསྟར་དམ་འཛིན་བྱེད་པ། གནད་འགག་བྱ་བ་དམ་འཛིན་བྱེད་པ། རེ་བ་བཞི་མཐོ་འདེགས་གཏོང་བ། བྱ་བ་གཙོ་བོ་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱེད་པ། བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། བྱ་འགུལ་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། བྱ་འགུལ་གྱི་ཤན་ཤུགས་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས་ཟེར།

ལིའུ་ཐོ་ཡིས་བསྟན་དོན། ཐེངས་འདིའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱ་འགུལ་ནུབ་རྒྱུད་ཞིང་ཆེན་དུ་བསྡུས་པ་དང་། དོན་་སྙིང་ཆེན་པོ་ལྡན་པ་དང་ཤན་ཤུགས་ཆེན་པོ་ཡོད། རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱ་འགུལ་བཟང་བོར་བསྒྲུབ་པའི་དུས་ཚོད་བྲེལ་མྱུར་ཆེ་ཞིང་ལས་འགན་ལྕི་བས། རང་ཞིང་གི་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་དཀྱིལ་སྙིང་དང་བརྗོད་དོན། འགན་འཁྲི་འབུར་དུ་ཐོན་པར་བྱེད་པ་དང་། འགོ་ཚུགས་ས་མཐོན་པོ་ནས་འཆར་འགོད་བྱེད་པ་དང་ཚད་གཞི་མཐོན་པོས་རྩ་འཛུགས་བྱེད་པ། ཆུ་ཚད་མཐོན་པོས་ཞབས་འདེགས་ཞུ་བ། ལས་ཆོད་མཐོན་པོས་ལག་བསྟར་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་མཐོན་པོས་ཚོགས་ར་གཙོ་བོའི་བྱ་འགུལ་བཟང་བོར་སྤེལ་དགོས། གཅིག་གྱུར་སྒོས་སྤེལ་བ་དང་། བཟོ་སྐྲུན་དུས་ཚོད་བཀོད་སྒྲིག་བཟང་བོ་བྱེད་པ། འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། མི་འདང་ས་འཚོལ་བ་དང་ཞན་ཆ་ཁ་གསབ་བྱས་ནས། གོ་རིམ་ལྡན་པའི་སྒོ་ནས་བྱ་བ་སྣ་ཚོགས་སྤེལ་དགོས། བྱ་བའི་སྤྱོད་ཚུལ་བཟང་བོས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་རང་འགུལ་གྱིས་ཁག་ཁུར་འབད་འཐབ་བྱེད་པ། ལག་བསྟར་དམ་འཛིན་བྱས་ཏེ། བྱ་འགུལ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།

བྱ་འགུལ་སྐབས་སུ། ཀྲའོ་དབྱིན་མེན་དང་ལིའུ་ཐོ་གཉིས་ཀྱིས་ཡུལ་དངོས་ནས་བྱ་འགུལ་གྲ་སྒྲིག་གི་གནས་ཚུལ་ལ་རྟོག་ཞིབ་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།