ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དང་ཞིན་ཧེ་རྫོང་། ཐུན་ཏེ་རྫོང་། ཀོས་ནན་རྫོང་བཅས་སུ་སོང་ནས་འོད་གློག་ཐོན་ལས་ས་ཁུལ་དང་། གྲངས་འཛིན་ཆེན་མོའི་ཐོན་ལས་ས་ཁུལ། གྲོང་གསེབ་དར་སྤེལ་དཔེ་སྟོན་ཁུལ་སོགས་སུ་ནུས་ཁུངས་གཙང་མ་དང་། གྲངས་འཛིན་ཆེན་མོ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ཕྱུགས་ལས་དང་། རིག་གནས་ཡུལ་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
ལིའུ་ཁྲའོ་ཡིས་ནན་གྱིས་བསྟན་དོན། ཐོན་ལས་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་འགག་ཡིན་ལ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་གཏོང་བ་དང་། “ས་ཁུལ་བཞིའི”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། “དཔལ་འབྱོར་གྱི་རྣམ་པ་བཞི”གསོ་སྐྱོང་བྱ་རྒྱུ་བཅས་ཐོན་ལས་ཀྱི་འདེགས་སྐྱོང་དང་ཁ་འབྲལ་ཐབས་མེད། མཚོ་སྔོན་གྱི་ཆུ་གློག་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཉི་ནུས་དང་། རླུང་ནུས་ཐོན་ཁུངས་ཀྱི་དགེ་མཚན་ཆེན་པོར་བསྟེན་ནས། དག་གཙང་ནུས་ཁུངས་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་དགོས། ཐོན་ལས་མུ་འབྲེལ་དང་མཁོ་སྤྲོད་མུ་འབྲེལ་དེང་རབས་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་ནས། འགྲན་རྩོད་ནུས་ཤུགས་ལྡན་པའི་ཐོན་ལས་ཚོགས་པ་གྲུབ་པར་བྱེད་པ་དང་། དག་གཙང་ནུས་ཁུངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་། ཕན་འབྲས་མཐོ་བའི་མཐུན་སྦྱོར་མཉམ་ལས་སོགས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་ས་ཁུལ་ཆེན་མོ་བསྐྲུན་པར་རོགས་འདེགས་བྱེད་དགོས་པ་མ་ཟད། ཐཱན་ཉུང་གཏོང་དང་ཐཱན་སྙོམ་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱས་ནས་མཚོ་སྔོན་གྱིས་བྱས་རྗེས་འཇོག་དགོས་ཟེར། ཞིང་ཕྱུགས་ལས་ཀྱི་འཕར་སྣོན་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་ནས་མཐོ་སྒང་གི་ལྗང་མདོག་སྐྱེ་ལྡན་བྱང་བུ་བསྐྲུན་པ་དང་། ནོར་གནག་དང་བོད་ལུག་སོགས་ཀྱི་ཁྱད་ལྡན་ཐོན་ལས་དང་། གཅིག་གྱུར་ཐོན་སྐྱེད་དང་། ལས་སྣོན། ཕྱིར་འཚོང་དང་སྤུས་ཚད། ཕན་འབྲས་སོགས་ལ་རྐང་བཙུགས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་གཏོང་ས་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ལོ་རྒྱུས་རིག་གནས་དང་རང་བྱུང་མཛེས་ལྗོངས་གཉིས་གཏིང་ཟབ་མཉམ་བསྲེས་བྱེད་པར་འབད་པ་ལྷོད་མེད་བྱས་ནས། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ལིའུ་ཁྲའོ་ཡིས་མཚོ་ལྷོ་ཁུལ་གྱི་ཐོན་ལས་འཕེལ་རྒྱས་བྱ་བར་རྟོག་ཞིབ་བྱས།