མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་འཚོགས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས74པ་ཟི་ལིང་དུ་འཚོགས།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གིས་ཚོགས་འདུར་མགོ་འཛིན་མཛད་པ་དང་། རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉའོ་ཁྲེང་ཡུན་དང་། ཝུའུ་ཧའེ་ཁུན། ཀྲང་ཧོང་ཡོན། དྲུང་ཡིག་ཆེན་མོ་ཅ་དབྱིང་ཀྲུང་བཅས་ཚོགས་འདུར་ཞུགས། 

ཚོགས་འདུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ལ་དབང་བའི་ས་ཞིང་གི་ཁང་པ་བསྡུ་ལེན་དང་སྐྱིན་གསབ་སྲོལ་ཡིག་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་དང་། མཚོ་སྔོན་ཞིང་ཆེན་གྱི་དུག་འགོག་སྲོལ་ཡིག་འཆར་ཟིན་གྱི་བཟོ་བཅོས་མ་ཟིན། མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་ཐེངས་གཉིས་པའི་མ་ཟིན་ལ་བཟོ་བཅོས་བརྒྱབ་པའི་གནས་ཚུལ་བཅས་ཀྱི་སྙན་ཞུར་གསན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་སྐོར་གྱི་སྲོལ་ཡིག་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱི་སྲོལ་ཡིག་འཆར་ཟིན་ལ་ཞིབ་བཤེར་བྱས་ཚུལ་གྱི་སྙན་ཞུར་གསན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མཚོ་ནུབ་ཁུལ་གྱི་བྱེ་ཁུལ་གྱི་རྩི་ཤིང་སྲུང་སྐྱོང་སྲོལ་ཡིག་དང་། མཚོ་ནུབ་ཁུལ་གྱི་ཚྭ་སྦྱངས་འབུའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་སྲོལ་ཡིག་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཁར་གྲོང་གི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག ཏ་ཐུང་རྫོང་གི་འོས་འགན་སློབ་གསོའི་སྲོལ་ཡིག་བཅས་ལ་ཞིབ་བཤེར་བྱས་ཚུལ་གྱི་སྙན་ཞུར་གསན། མཚོ་ནུབ་ཁུལ་གྱི་ཡ་རབས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་དང་། མགོ་ལོག་ཁུལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་བཅའ་ཁྲིམས》ཀྱི་གཉེན་སྒྲིག་ལོ་ཚད་ཀྱི་བབ་བསྟུན་བཅོས་བསྒྱུར་ལག་ལེན་བསྟར་བའི་གཏན་འབེབས་ལ་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་གསན། 

ཚོགས་འདུ་ཡིས《ཞིང་ཆེན་མི་དམངས་སྲིད་གཞུང་གི2021ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་དང་གཏོང་ཡོང་གི་སྔོན་རྩིས་ལེགས་སྒྲིག་བབ་མཚུངས་བྱ་རྒྱུའི་སྐོར་གྱི་སྙན་ཞུ》ཡི་ཞིབ་བཤེར་སྙན་ཞུ་དང་། 《ཞིང་ཆེན་མི་དམངས་སྲིད་གཞུང་གི2020ལོའི་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་འབེན་ལེགས་གྲུབ་བྱས་ཚུལ་དང་ཁྲིམས་ལྟར་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་ཀ་ཡག་པོར་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུ》 འཐུས་མི་རེ་གཉིས་ཀྱི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་སྙན་ཞུའི་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ། མི་དོན་བསྐོ་འཐེན་གྱི་གྲོས་གཞི་དང་གཞུང་ལས་ཐིང་གི་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཉིན་རེའི་གྲོས་རིམ་འཆར་ཟིན་སྐོར་གྱི་སྙན་ཞུར་གསན་པ་རེད། 

ཀྲུའུ་རེན་གྲོས་ཚོགས་ཀྱིས་གོང་གསལ་གྱི་གྲོས་དོན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱ་རྒྱུར་འབུལ་བར་གྲོས་མཐུན་བྱུང་།  

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཡིག་ཆེན་མོ་གཞོན་པའམ་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཞིང་ཆེན་དམངས་ཆེན་ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོགས་ཆུང་གི་མགོ་འཛིན། ཆེད་དོན་ཨུ་ལྷན་སོ་སོ་དང་མི་དོན་འཐུས་མི་འདེམས་བསྐོའི་ལས་དོན་ཨུ་ལྷན་གྱི་འགན་འཁུར་བ་སོགས་ཚོགས་འདུར་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།