ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ4པའི་ཟླ་མཇུག་བར་ཞིང་ཆེན་རིམ་པ་དང་ཞིང་ཆེན་ཐད་གཏོགས་ལས་དོན་ལས་ཁུངས་ཀྱི་དུད་ཚང391དང་མི་ཁྲི4.09ཚང་མ་ལས་ཤོར་འགན་བཅོལ་ནང་ཞུགས་པའི་ཁྱབ་ཁོངས་ནང་བཅུག་ཡོད། ན་ནིང་ལས་མི་གྲངས་ཁྲི1.67འཕར་བ་དང་། ཞིང་ཆེན་ཁོངས་གཏོགས་ལས་དོན་ལས་ཁུངས་ཀྱི་འགན་བཅོལ་ནང་ཞུགས་པའི་ཁྱབ་རྒྱ་ཆེ་རུ་གཏོང་བའི་ལས་དོན་ལ་ཐོག་མའི་ཕན་འབྲས་མངོན་ཡོད།
ལས་ཤོར་འགན་བཅོལ་གྱི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་སྣ་འགན་སྲུང་ནང་ཞུགས་པར་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བའི་དམིགས་ཚད་མངོན་འགྱུར་བྱ་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས“མཚོ་སྔོན་གྱི་མི་སྤྱི་འཕྲིན་ཐུང་ལས་སྟེགས”བརྒྱུད་འགན་བཅོལ་ནང་ཞུགས་མེད་པའི་ཞིང་ཆེན་རིམ་པའི་ཁོངས་གཏོགས་ལས་དོན་ལས་ཁུངས་འགན་བཅོལ་ནང་ཞུགས་པར་དྲན་སྐུལ་ཆ་འཕྲིན་མཉམ་གཏོང་བྱས་ནས་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་རྒྱ་ཁྱབ་ཏུ་བཏང་། དེ་དང་ཆབས་ཅིག་ལས་རྨས་དང་ལས་ཁུངས་དང་ལས་དོན་ལས་ཁུངས་ཀྱི་རྒན་གསོའི་འགན་བཅོལ་གྱི་ཆ་འཕྲིན་མ་ལག་ཁྲོད་ཀྱི་ཞིང་ཆེན་རིམ་པའི་ལས་དོན་ལས་ཁུངས་ཀྱི་རྨང་གཞིའི་ཆ་འཕྲིན་བརྒྱུད། འགན་བཅོལ་ནང་ཞུགས་མེད་པའི་ལས་ཁུངས་ལས་ཤོར་འགན་བཅོལ་མ་ལག་ནང་གསར་དུ་བསྣན་པ་རེད། ཞིང་ཆེན་རིམ་པའི་ལས་དོན་ལས་ཁུངས་ཀྱི་ལས་ཤོར་འགན་བཅོལ་ནང་ཞུགས་པའི་ལས་དོན་གྱི་སྐད་འཕྲིན་ཚོགས་པ་བཙུགས་ནས་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣའི་བློ་འདྲིའི་སྲིད་ཇུས་དང་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་ཤར་བགྲོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན། ལས་སྒོ་གཉེར་བའི་སྒེའུ་ཁུང་གི་ཁ་པར་ཨང་གྲངས་ཡོངས་བསྒྲགས་བྱས་ཏེ་ལས་སྒྲུབ་མཁན་གྱི་གནད་དོན་སྣ་ཚོགས་ལ་དུས་ཐོག་ཏུ་ལན་བཏབ་ནས་འགན་བཅོལ་ནང་ཞུགས་པའི་ལས་ཁུངས་ལས་སྒྲུབ་མི་སྣས་ལས་དོན་སྒྲུབ་པར་སྟབས་བདེ་སྐྲུན་ཅི་ཐུབ་བྱས་ཡོད། སྤྱི་ཚོགས་འགན་བཅོལ་གྲོན་དངུལ་གྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཁུངས་གདམ་གའི་རང་བཞིན་གྱི་འགན་བཅོལ་ནང་ཞུགས་པའི་སྣང་ཚུལ་མི་ཐོན་པ་དང་། འགན་བཅོལ་ནང་ཞུགས་ཚད་ཆེས་ཆེར་མཐོ་རུ་བཏང་ནས་འགན་བཅོལ་ནང་ཞུགས་དགོས་པའི་རིགས་ཚང་མར་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་སྟེ། ལོ་འཁོར་གྱི་དམིགས་ཚད་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱས་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་ཁོངས་གཏོགས་ལས་དོན་ལས་ཁུངས་ཀྱི་ལས་ཤོར་འགན་བཅོལ་ནང་ཞུགས་པའི་ཁྱབ་རྒྱ་ཆེ་རུ་གཏོང་བའི་ལས་དོན་ལ་ཐོག་མའི་ཕན་འབྲས་མངོན།