ཞིན་ཁྲང་ཞིང་གིས་ཞོན་ཧྭ་དང་མིན་ཧོ་གཉིས་ལ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5ཚེས11ནས་ཚེས12ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་དང་མིན་ཧོ་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་གཞི་འཛུགས་པ། མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་གཏོད་པར་ཧུར་ཐག་གིས་བྱས་རྗེས་གསར་པ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཞོན་ཧྭ་རྫོང་ཁྲ་ཧན་ཏུའུ་སི་ཤང་ཧུང་ཀོང་སྡེ་བ་གོང་མ་དང་བིས་མདོ་ཤང་པཎ་ཆེན་བཞུགས་གནས་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིན། ཧུང་ཀོང་སྡེ་བ་གོང་མར་ཞིན་ཁྲང་ཞིང་སྔ་རྗེས་སུ་ཧུང་ཀོང་དབྱི་སི་ལན་ཆོས་ཁང་དང་། ནུབ་ལམ་དམར་དམག་དྲན་གསོ་ཁང་། ནུབ་ལམ་དམར་དམག་སློབ་ཆུང་བཅས་སུ་བསྐྱོད་ནས་གནའ་ཤུལ་དུ་མཇལ་བ་དང་ལོ་རྒྱུས་ཤེས་རྟོགས་བྱས་པ་མ་ཟད། ས་གནས་དེ་གའི་ལས་བྱེད་པ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ནས་ཐོན་སྐྱེད་དང་འཚོ་བ། སྡེ་མའི་ཡོང་འབབ། སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་བཀའ་འདྲི་གནང་བ་རེད། ཁོང་གིས་དམར་དམག་འཐབ་འཛིང་པས་ཧུང་ཀོང་སྡེ་བ་གོང་མར་བཞག་པའི་མཚོན་རྟགས་དང་མི་སེམས་འགུལ་བའི་གཏམ་རྒྱུད་སྣ་ཚོགས་ལས་ང་ཚོར་དད་སེམས་ཀྱི་སྟོབས་ཤུགས་བསྐྱེད་ཐུབ་པས། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་བཟང་པོ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བཟང་པོ་བྱས་ཏེ་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བ་དང་ཟུང་འབྲེལ་བྱས་ནས། གྲོང་གསེབ་དར་སྤེལ་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས། པཎ་ཆེན་བཞུགས་གནས་སུ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་གཏིང་ཟབ་ཏུ་བཏང་བའི་བྱས་རྗེས་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སློབ་གཞི་གསར་པ་ཡིན་པས་གཏིང་ཟབ་སྒོས་དེ་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ཏེ་མི་དམངས་ལ་སློབ་གསོ་གཏོང་བ་དང་། སྤྱི་ཚོགས་ལ་ཁྲིད་སྟོན་བྱེད་པ། བསམ་བློའི་གོ་རྟོགས་སེད་པ་བཅས་ཀྱི་ཕན་འབྲས་ཐོན་པ་བཅས་བྱེད་དགོས་ཞེས་བརྗོད་པ་རེད།

ཚེ་རིང་ཐར་མཉམ་དུ་རྟོག་ཞིབ་གནང་བར་ཕྱིན་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།