ལིའུ་ཐུང་ཏི་ཡིས་ཁྲི་ཀ་ནས་རྟ་བོའི་བར་གྱི་གཞུང་ལམ་རྣམ་གྲངས་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏི་ཡིས“ཁྲི་ཀ་ནས་རྟ་བོའི”བར་གྱི་གཞུང་ལམ་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ཤིང་། ཡུལ་དངོས་སུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཧུ་ཏུང་ཤང་ཨ་སྐོང་སྡེ་བ་ནས་མང་རྫོང་བར་གྱི་འཆར་འགོད་ལམ་དུམ་དུ་བསྐྱོད་དེ་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་སྙན་སེང་ཚོགས་འདུ་འཚོགས་པ་དང་། འབྲེལ་ཡོད་ཕྱོགས་ཀྱི་གནས་ཚུལ་སྙན་ཞུར་ཉན་པ་དང་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་བྱས་ཏེ་རྣམ་གྲངས་ལག་བསྟར་འཕེལ་རིམ་ཇེ་མགྱོགས་སུ་བཏང་།

ལིའུ་ཐུང་ཏི་ཡིས་འབྲེལ་ཡོད་ཕྱོགས་སོ་སོས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་འགག་སྒྲོལ་དཀའ་སེལ་ཀྱིས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། མིག་སྔར་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པར་ཤུགས་བསྣན་སྟེ། རོགས་རམ་དང་རྒྱབ་སྐྱོར་སྔར་ལས་མང་བ་ཐོབ་པར་བརྩོན་ལེན་བྱེད་དགོས་ཞེས་བསྟན་པ་མ་ཟད། ལས་འགན་ཁ་གསལ་བཟོ་བ་དང་། དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པ། དུས་ཚོད་རེའུ་མིག་དང་། ལས་འགན་ཡི་གེ ལམ་ཐིག་པར་རིས་བཅས་བཟོ་བ་བྱས་ནས་གོང་འོག་འབྲེལ་མཐུད་ཀྱིས་མཉམ་འགུལ་ནུས་ཆེའི་འགན་འཁྲིའི་མ་ལག་ཆགས་པ་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་དུས་འགོའི་བྱ་བར་དམ་འཛིན་དང་། དུས་འགོའི་བྱ་བར་སྐུལ་འདེད། ཇུས་འགོད་ལེགས་གཏོང་། འགྲོ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་རྣམ་གྲངས་བདེ་བླག་ངང་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས། བཅའ་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཁོར་ཡུག་བཟང་པོ་བསྐྲུན་པ་བཅས་བྱས་ནས་ཧུར་ཐག་གིས་རྩེར་སོན་བཟོ་སྐྲུན་དང་སྲ་བརྟན་བཟོ་སྐྲུན་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།