ཝང་ཅན་ཅུན་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས11ནས་ཚེས12ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དང་། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་། ཞིང་ཆེན་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཝང་ཅན་ཅུན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དུ་ཕེབས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གོ་རྟོགས་བསམ་བློ་ཁྲིད་སྟོན་དུ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གཏིང་ཟབ་བྱེད་པར་ཧུར་ཐག་གིས་སྐུལ་འདེད་དང་། ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་དགོས་ཞེས་ནན་གྱིས་བསྟན།

ན་གོར་མོ་གྲོང་ཁྱེར་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དུ་ཝང་ཅན་ཅུན་གྱིས་གནས་ཚུལ་སྙན་ཞུར་གསན་པ་དང་ལས་དོན་མི་སྣར་གཟིགས་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་བསམ་བློ་གཏོང་བ། ལག་ལེན་དངོས་བཅས་ཀྱི་ཐོག་ནས་གོ་བ་བླངས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ངོས་འཛིན་སླར་ཡང་མཐོ་རུ་གཏོང་བ་དང་། བྱ་བའི་ཐད་མཐུན་སྦྱོར་ཡོང་བར་བྱེད་པ། ཁོར་ཡུག་བཟང་པོ་བསྐྲུན་པ། དཔུང་སྡེ་བརྟན་བརླིང་ཡོང་བ། ལངས་ཕྱོགས་མཐོ་རུ་གཏོང་བ། མུ་མཐུད་དུ་ཤུགས་འདོན་པ། མགོ་མཇུག་ཡོད་པ། ལས་དོན་ལེགས་པར་སྒྲུབ་པ་བཅས་བྱས་ཏེ་རྩ་འཛུགས་ཁས་ལེན་དང་། མང་ཚོགས་བློ་ཡིད་ཚིམ་པ། ལས་བྱེད་ཉེན་རྟོག་པ་ཁས་ལེན་ཐོབ་པ་བཅས་ཀྱི་རྒྱུགས་ལན་འབུལ་དགོས་ཞེས་བསྟན་པ་མ་ཟད། དུས་ཚོད་དང་ཕན་འབྲས་དམ་འཛིན་བྱེད་པ་དང་། གྱོད་དོན་ལ་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། “སྣེ་གཉིས་དམ་འཛིན་གྱིས་དཀྱིལ་ཁྲིད་པ”མཐའ་འཁྱོངས་བྱེད་པ། དྲང་ཕྱོགས་ཀྱི་དཔེ་མཚོན་འཛུགས་པ་དང་། བློ་དཀར་སེམས་དཀར་གྱི་བླ་སྲོག་སྲ་བརྟན་དུ་གཏོང་བ། སློབ་གསོ་དག་ཐེར་གྱི་དྲང་ནུས་སྔར་བས་འཕེལ་བ། སྲིད་ཁྲིམས་དཔུང་སྡེ་སྔར་བས་ཇེ་ལེགས་སུ་གཏོང་བ། སྲིད་ཁྲིམས་ལས་དོན་སྔར་བས་ཕུལ་དུ་བྱུང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པར་བསྟན།

རྟོག་ཞིབ་གནང་སྐབས་ཝང་ཅན་ཅུན་ན་གོར་མོའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་གཞུང་ལམ་གྱི་ལྷོ་འདབས་ཟོག་འགྲེམས་གླིང་ཁུལ་དང་ན་གོར་མོ་མེ་འཁོར་བབས་ཚུགས་སུ་ཕེབས་ནས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་འཁོར་རྒྱུག་གནས་ཚུལ་ལ་གཟིགས་ཞིབ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོང་གི་སྔོན་འགྲོའི་ཆ་རྐྱེན་འོག་ཁེ་ཕན་གྱི་ལྟ་བ་དང་། སྲིད་སྐྱོང་བྱས་རྗེས་ལྟ་བ། རིན་ཐང་ལྟ་བ་བཅས་ཡང་དག་པར་བཙུགས་ཏེ་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱས་ཏེ། ཐོན་སློབ་ཞིབ་གསུམ་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་མཐོང་རྒྱ་དང་། རྒྱལ་ནང་གི་བཀོད་པ། ས་གནས་བཅས་ནས་མགོ་བརྩམས་ཏེ་ན་གོར་མོའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཆར་འགོད་འཛུགས་སྐྲུན་བྱས་ནས། ཞིང་ཆེན་ཡོངས་ཀྱིས་རྒྱལ་ནང་གི་འཁོར་རྒྱུག་ཆེན་མོ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་ཟུང་སྦྲེལ་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།