མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་ཉིན་མོའི་གཅིག་བསྡུས་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ད་ལོའི་ཟླ5བའི་ཚེས12ཉིན་ནི་རང་རྒྱལ་གྱི་ཐེངས13པའི་རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་ཉིན་མོ་ཡིན་ཞིང་།  “གནོད་འཚེ་དང་ཉེན་ཁ་སྔོན་འགོག་བྱས་ཏེ་བདེ་འཇགས་འཕེལ་རྒྱས་ལ་རྨང་གཞི་གཏོང་བ”ཞེས་པ་བརྗོད་དོན་དུ་བཟུང་སྟེ།  ཟླ5བའི་ཚེས8ཉིན་ནས་ཚེས14ཉིན་ནི་གནོད་འགོག་གནོད་སེལ་དྲིལ་བསྒྲགས་གཟའ་འཁོར་ཡིན།  ཞིང་ཆེན་ཡོངས་ཀྱིས་ཕྱོགས་བསྡུས་གནོད་འགོག་གནོད་སེལ་བྱ་བར་ཤུགས་སྣོན་བྱས་ནས།  ནུས་ཤུགས་ཡོད་རྒུས་གནོད་འགོག་གནོད་སེལ་རིག་གནས་ཤེས་བྱ་དང་ནུས་རྩལ་ཁྱབ་གདལ་དུ་གཏོང་བ་དང་།  དམངས་ཡོངས་ཀྱི་གནོད་འགོག་གནོད་སེལ་འདུ་ཤེས་ལ་ཤུགས་སྣོན་པ་དང་།  སྤྱི་ཚོགས་ཡོངས་ཀྱིས་གློ་བུར་དུ་བྱུང་བའི་རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།  ཞིང་ཆེན་གནོད་འགོག་གནོད་སེལ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གིས《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་ཐེངས13པའི་གནོད་འགོག་གནོད་སེལ་ཉིན་མོའི་བྱ་འགུལ་ལག་བསྟར་ཇུས་གཞིའི་བརྡ་ཁྱབ》འགྲེམས་སྤེལ་བྱས་པ་དང་།  ད་ལོའི་དྲིལ་བསྒྲགས་གཟའ་འཁོར་རིང་གི་ཞིང་ཆེན་ཡོངས་ཀྱི་རྣམ་གྲངས་སོ་སོའི་བྱ་འགུལ་བཀོད་སྒྲིག་བྱས།

《བརྡ་ཁྱབ》ཀྱི་བླང་བྱ་ལྟར།  ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ནན་ཏན་སྒོས་ཐུན་མོང་གི་དྲིལ་བསྒྲགས་བྱ་འགུལ་གྱི་རྨང་གཞིའི་སྟེང་།  བདེ་འཇགས་དོ་དམ་ལས་དོན་ལ་མཐོང་ཆེན་བྱས་ནས།  རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་དང་འབྲེལ་ཡོད་ཀྱི་འཕྲལ་བསྟུན་སྔོན་ཇུས་བཟོས་ནས་མཁོ་བསྟུན་བྱེད་ཐབས་དོན་འཁྱོལ་བྱེད་དགོས་ལ།  རྣམ་པ་མི་འདྲ་བ་དང་ནང་དོན་ཕུན་སུམ་ཚོགས་པའི་གནོད་འགོག་གནོད་སེལ་རིག་གནས་དྲིལ་བསྒྲགས་བྱ་འགུལ་སྤེལ་ཏེ།  ཐབས་ལམ་དང་ཕྱོགས་མཚམས།  ཟུར་ཚད་མི་འདྲ་བའི་སྒོ་ནས་གནོད་འགོག་གནོད་སེལ་ཤེས་བྱ་དང་རྩལ་ནུས་ཁྱབ་གདལ་དུ་བཏང་ནས།  གནོད་འགོག་གནོད་སེལ་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།  །

ཟླ5བའི་ཚེས10ཉིན། ཞིང་ཆེན་གནོད་སེལ་ཨུན་ཡོན་ལྷན་ཁང་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གཉིས་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མོན་ཡོན་ཧའེ་རིགས་རང་སྐྱོང་རྫོང་དུ་ཞིང་ཆེན་དང་ཁུལ།  རྫོང་བཅས་སུ་རིམ་པ་གསུམ་ཅན་གྱི་ས་འགུལ་འཕྲལ་བསྟུན་མྱུར་སྐྱོབ་ཕྱོགས་བསྡུས་རང་བཞིན་གྱིས་སྦྱོང་བརྡར་སྤེལ།  ཟླ5བའི་ཚེས12ཉིན།  ཞིང་ཆེན་གནོད་སེལ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གཉིས་ཀྱིས་འབྲེལ་ཡོད་ཀྱི་ལས་ཁུངས་རྩ་འཛུགས་བྱས་ཏེ།  མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་སུ་ཞིང་ཆེན་དང་གྲོང་ཁྱེར།  ཁུལ་བཅས་སུ་རིམ་པ་གསུམ་ཅན་གྱི་གཅིག་བསྡུས་ཚན་རྩལ་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་དང་།  སྤྱི་དམངས་རྣམས་ཀྱི་གནོད་འགོག་གནོད་སེལ་ཤེས་བྱ་དང་། རང་ཉིད་སྐྱོབ་པ་དང་ཕན་ཚུན་སྐྱོབ་པའི་རྩལ་ནུས་ཁྱབ་གདལ་དུ་བཏང་སྟེ། གནོད་འགོག་གི་འདུ་ཤེས་དེ་སྤྱི་ཚོགས་དང་ཁྱིམ་ཚང་རེ་རེར་ཁྱབ་པར་བྱས།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།