ཟི་ལིང་དང་ལན་ཀྲོའུ་གྲོང་ཁྱེར་གཉིས་ཀྱིས་ཕྱི་དོན་འཕེལ་རྒྱས་གྲོས་གཞིར་མིང་རྟགས་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས9ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་ཕྱི་དོན་གཞུང་ལས་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། མགྱོགས་མྱུར་ངང་ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གཉིས་ཀྱི་བརྗེ་རེས་མཉམ་ལས་ཟབ་སྤེལ་བྱ་ཆེད། ཟི་ལིང་དང་ལན་ཀྲོའུ་གྲོང་ཁྱེར་གཉིས་ཀྱི་ཕྱི་དོན་གཞུང་ལས་ཁང་གིས་མཉམ་དུ《ཟི་ལིང་གྲོང་ཁྱེར་ཕྱི་དོན་གཞུང་ལས་ཁང་དང་ལན་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་ཕྱི་དོན་གཞུང་ལས་ཁང་འཐབ་ཇུས་མཉམ་ལས་གྲོས་གཞི》ལ་མིང་རྟགས་བཀོད་པ་དང་། ཕྱོགས་གཉིས་ཀྱིས་ཕྱི་ཕྱོགས་འགྲོ་འོང་དང་། ཕྱི་དོན་བྱ་འགུལ་ཆེ་གྲས། ཚོགས་པའི་བཅར་འདྲི་སོགས་ཐད་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། གྲོང་ཁྱེར་གཉིས་ཀྱིས་རང་འགུལ་སྒོས་མཉམ་འདྲེས་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞབས་ཞུ་སྒྲུབ་ཏེ། ཕྱི་ཕྱོགས་སྒོ་འབྱེད་དང་ཕྱི་དོན་བྱ་བ་གཉིས་འབྲེལ་མཐུད་ལ་མངོན་འགྱུར་བྱ་རྒྱུ་རེད། 

ཟི་ལིང་གྲོང་ཁྱེར་དེ་མཚོ་བོད་མཐོ་སྒང་གི་ཤར་གྱི་སྒོ་ཆེན་ཡིན་པའི་ཆ་ནས།  “དར་གོས་ཚོང་ལམ”དང་“ཐང་བོད་གནའ་ལམ”གྱི་གནད་ཆེ་ས་དང་། རིག་གནས་རྒྱུ་མང་ཡིན་པ། རང་བྱུང་ཐོན་ཁུངས་ཁྱད་དུ་འཕགས་པ་ཡིན།  ལན་ཀྲོའུ་གྲོང་ཁྱེར་དེ“དར་གོས་ཚོང་ལམ་དཔལ་འབྱོར་ཁུལ”གྱི་གནད་ཆེ་སའི་གྲོང་ཁྱེར་ཡིན་པའི་ཆ་ནས། གནའ་ནས་ཀྲུང་གོ་དང་ནུབ་ཕྱོགས་བརྗེ་རེས་ཀྱི་སྐམ་སའི་བརྒྱུད་ལམ་གལ་ཆེན་ཡིན་ལ། རིག་གནས་ལོ་རྒྱུས་རྨང་མཐུག ཐེངས་འདིའི་མིང་རྟགས་བཀོད་པའི་མཉམ་ལས་གྲོས་གཞི་ཁྲོད། ཕྱོགས་གཉིས་ཀྱིས་གྲོང་ཁྱེར་གཉིས་ཀྱིས་དགེ་མཚན་བསྡུར་བར་རྐང་བཙུགས་ཏེ། རྒྱལ་སྤྱིའི་བརྗེ་རེས་སྟེགས་བུར་འབྲེལ་མཐུད་དང་། ཕྱི་ཕྱོགས་འགྲོ་འོང་ཁྲོད་ཁྱོན་ཡོངས་ནས་མཉམ་ལས་ལ་ཤུགས་བསྣན་ནས། དགེ་མཚན་ཕན་ཚུན་ཁ་གསབ་དང་། ཐོན་ཁུངས་མཉམ་སྤྱོད། མཉམ་དུ་ཡར་རྒྱས་འགྲོ་བ་མངོན་འགྱུར་བྱུང་། གྲོས་གཞི་ཁྲོད། ཕྱོགས་གཉིས་ཀྱིས་དུས་ཆེན་གྱི་འགྲེམ་ཚོགས་དང་གླེང་སྟེགས། བརྗོད་དོན་འོས་སྦྱོར་སོགས་ཀྱི་བྱ་འགུལ་སྟེགས་བུའི་སྟེང་། ཕྱིའི་སྐུ་མགྲོན་གདན་འདྲེན་དང་། ལོ་ཙཱའི་འཇོན་མི་སོགས་ཀྱི་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ། ཚོགས་པ་མངགས་ཏེ་ལྟ་ཞིབ་དང་རྒྱལ་སྤྱིའི་དུས་ཆེན་གྱི་བྱ་འགུལ་སོགས་སྤེལ། 

དུས་མཚུངས་སུ། གྲོང་ཁྱེར་གཉིས་ཀྱིས་ཕྱི་དོན་ལས་བྱེད་པའི་དུས་ངེས་གཏན་གྱི་བརྗེ་རེས་སྒྲིག་སྲོལ་བཙུགས་ནས། ན་གཞོན་ལས་བྱེད་པ་མངགས་ཏེ་ཕ་རོལ་བོའི་ཕྱི་དོན་ལ་བརྗེ་རེས་བྱས་ནས། བྱ་བའི་ཉམས་མྱོང་མཉམ་སྤྱོད་དང་བྱ་བའི་གསོན་ཤུགས་སྐུལ་སྤེལ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།