རྒྱལ་ཡོངས་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་མིག་མངས་འགྲན་བསྡུར་མཚོ་ཤར་དུ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས11ཉིན། རྒྱལ་ཡོངས་སྐབས་བཅུ་གཅིག་པའི་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་དང་སྐབས་བརྒྱད་པའི་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་མིག་མངས་དང་བཙིར་འགྱིག་འགྲན་བསྡུར་མཚོ་ཤར་གྲོང་ཁྱེར་དུ་སྤེལ། སྐབས་འདིའི་འགྲན་བསྡུར་ལ་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། ཀྲུང་གོའི་དབང་བོ་སྐྱོན་ཅན་ལུས་རྩལ་འགྲན་བསྡུར་དོ་དམ་ལྟེ་གནས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་སྒྲུབ་བྱས། 

སྐབས་འདིའི་མིག་མངས་དང་བཙིར་འགྱིག་འགྲན་བསྡུར་གྱི་དམིགས་ཡུལ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ”འབྲེལ་ཡོད་བླང་བྱ་དོན་འཁྱོལ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ། དབང་བོ་སྐྱོན་ཅན་གྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དེ་གྲོང་གསེབ་དར་སྤེལ་འཐབ་ཇུས་དང་མཐུད་སྦྲེལ་བྱེད་པར་སྐུལ་འདེད་བཏང་ནས། དབང་བོ་སྐྱོན་ཅན་སྒོ་ཕྱིར་བསྐྱོད་དེ། སྤྱི་ཚོགས་དང་ལུས་རྩལ་བྱ་འགུལ་ཁྲོད་འདྲེས་སུ་བཅུག་ནས། མཚོ་སྔོན་གྱི་དབང་བོ་སྐྱོན་ཅན་ལུས་རྩལ་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ཡིན།

སྐབས་འདིའི་མིག་མང་འགྲན་བསྡུར་ལ་ལུས་པོ་དང་། ཉན་ཤུགས། མིག་ཤེས་བཅས་གསུམ་དུ་བགར་ནས་སོ་སོར་སྐྱེས་པ་དང་སྐྱེས་མའི་འགྲན་བསྡུར་དུ་བགོས་ཡོད་ཅིང་། བཙིར་འགྱིག་འགྲན་བསྡུར་ལ་ལུས་པོ་དང་ཉན་ཤུགས་གཉིས་ཀྱི་དབང་བོ་སྐྱོན་ཅན་གྱི་སྐྱེས་པ་དང་། སྐྱེས་མའི་འགྲན་བསྡུར་རྣམ་གྲངས་སུ་བགོས་ཡོད། འགྲན་བསྡུར་དེ་ཟླ5བའི་ཚེས15ཉིན་མཇུག་སྒྲིལ་རྒྱུ་ཡིན་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ཁུལ་གྱི་མིག་མངས་འཐུས་ཚབ་རུ་ཁག22དང་། བཙིར་འགྱིག་འཐུས་ཚབ་རུ་ཁག14ཡི་ལུས་རྩལ་པ་དང་ཁྲིད་སྟོན་པ། ཤན་འབྱེད་པ་བཅས་མི320དང་ལས་སྒྲུབ་མི་སྣ་འགྲན་བསྡུར་ཁྲོད་ཞུགས་ཡོད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།