དབྱང་ཧྥིན་ཁྲོན་གྱིས་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་གཟིགས་ཞིབ་དང་འཚམས་འདྲི་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་དབྱི་སི་ལན་ཆོས་ལུགས་ཀྱི་སྨྱུང་གྲོལ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་གཟིགས་ཞིབ་དང་འཚམས་འདྲི་གནང་བ་དང་འབྲེལ། ཁོང་ཚོས་ཞིང་ཆེན་ཡོངས་ཀྱི་ཧའེ་རིགས་དང་ས་ལར་རིགས་སོགས་གྲངས་ཉུང་མི་རིགས་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས།

མ་ཡུའེ་ཞང་དང་ཅིན་པའོ། ཡེ་ཧྥུའུ་ཚའེ་བཅས་ཀྱི་ཁྱིམ་དུ་དབྱང་ཧྥིན་ཁྲོན་གྱིས་ཁོ་ཚོ་དང་མཛའ་བརྩེའི་ངང་གླེང་མོལ་བྱས། ཁོང་གིས་དུས་ཡུན་རིང་པོའི་ནང་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་མཁྱེན་རྒྱ་ཡངས་པ། ཀུན་སྤྱོད་ཐད་དམངས་མགུ་བ། གནད་འགག་གི་དུས་སུ་ནུས་པ་ཐོན་པ”བཅས་ཀྱི་ཚད་གཞིའི་བླང་བྱ་གཞིར་བཟུང་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཆམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་ལག་ལེན་དང་དར་སྤེལ་ཤུགས་ཆེན་བཏང་སྟེ་ཏང་དང་སྲིད་གཞུང་གིས་དད་ལྡན་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་རྒྱ་ཆེའི་མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་མི་སྣས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་ནས་སྣེ་ཁྲིད་དཔེ་སྟོན་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་ཚོར“ཁ་བྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་པ། “མོས་སེམས་ལྔར”ཤུགས་སྣོན་ཏན་ཏིག་བྱེད་པ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། “ས་ཆ་བཞི”གཏོད་པ་དང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་པར་ལེགས་སྐྱེས་འབུལ་དགོས་པར་བརྗོད། 

མི་རིགས་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་པ། རྒྱལ་གཅེས་ཆོས་གཅེས་དང་ཀྲུང་ཏའོ་ཞི་བདེའི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་བཅས་བྱས་ཏེ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།