2021ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་མཚོ་སྔོན་དུ་སྤེལ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་དེ་ཟླ6པའི་ཚེས5ཉིན་མཚོ་སྔོན་དུ་སྤེལ་རྒྱུ་ཡིན་ལ། དེ་ནི་ནུབ་རྒྱུད་ས་ཁུལ་དུ་གཉེར་བའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ཐོག་མ་རེད། 

ད་ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ནི་སྐྱེ་ཁམས་ཁོར་ཡུག་པུའུ་དང་། ཀྲུང་དབྱང་གི་དཔལ་ཡོན་གཞུང་ལས་ཁང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བ་ཡིན་ལ། དེས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་ཕན་འབྲས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱ་རྒྱུ་ལྟེ་བར་འཛིན་པ་དང་། “མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས”ཀྱི་བརྗོད་བྱ་གཙོ་བོར་དམིགས་ཤིང་། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་འབྲས་མངོན་པར་མཚོན་ནས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་གྲོས་གཞི་དེ་བྱེད་སྒོ་སྤེལ་རིམ་ཧྲིལ་པོར་ཁྱབ་རྒྱུ་ཡིན། དུས་མཚུངས་སུ། མཚོ་སྔོན་གྱི་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་གྱི་ཕན་འབྲས། སྤྱི་ཚོགས་ལས་རིགས་སོ་སོ་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ནང་ཞུགས་པའི་རྣམ་པ་བཅས་གསོན་ཉམས་དོད་པོར་ངོམ་ནས། སྤྱི་ཚོགས་ཡོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བའི་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ལས་རིགས་ཁག་སོ་སོས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོར་རྒྱག་པ་དང་། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ནང་ཞུགས་པར་སྐུལ་སློང་རྒྱ་ཁྱབ་བཏང་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མི་སེམས་སུ་ཟུག་པར་བྱེད་དགོས། 

ཤེས་རྟོགས་བྱུང་བ་ལྟར་ན། བྱེད་སྒོས་ཚོགས་ར་གཙོ་བོ“1”དང་ལེ་ལག་ཚང་བའི་བྱེད་སྒོ“N”ཡི་རྣམ་པ་སྤྱད་རྒྱུ་རེད། དེར་གཙོ་བོར་ཚོགས་ར་གཙོ་བོའི་བྱེད་སྒོའི་མཛད་སྒོ། “བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ” “སྐྱེ་ཁམས་དཔལ་ཡོན་དང་དང་བླངས་མཉམ་སྐྱོད” “སྐྱེ་ཁམས་རྩོམ་རིག་དར་རྒྱས་དང་མཛེས་པའི་ཀྲུང་གོ་མཉམ་སྐྲུན”བཅས་ཆེད་དོན་གླེང་སྟེགས་གསུམ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་འགྲེམས་སྟོན། 2021ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱིས་ཚོགས་ར་གཙོ་བོའི་བྱེད་སྒོའི་དུས་འགོའི་གྲ་སྒྲིག་དང་རྗེས་མཐུད་དྲིལ་བསྒྲགས། མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ། “ས་གཞི་ཆེན་མོའི་རིག་སྟོབས”ཞེས་པའི་སྐྱེ་ཁམས་རྩོམ་རིག་རྩོམ་པ་པོ་མཚོ་སྔོན་དུ་སྐྱོད་པའི་བྱེད་སྒོ། 2021ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོའི་ཐཱན་རྩེར་སོན་དང་ཐཱན་སྙོམ་སྒྲིག སྤྱི་ཕན་བྱེད་སྒོ། མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སོགས་ལེ་ལག་ཚང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ་རེད། མིག་སྔར། གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།