མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་མཚོ་སྔོན་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས10ཉིན་གྱི་ཕྱི་དྲོར། མཚོ་བོད་མཐོ་སྒང་ཕྱོགས་བསྡུས་རྟོག་ཞིབ་ཐེངས་གཉིས་པའི་མཚོ་སྔོན་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་མཚོ་སྔོན་དགེ་འོས་སློབ་ཆེན་དུ་འཚོགས། ཚན་རྩལ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་པུའུ་ཀྲང་ཝང་ཀྲི་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་ཚོགས་འདུར་ཕེབས་ཤིང་གསུང་བཤད་གནང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའམ་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་ཁག་གི་རུ་དཔོན་ཡའོ་ཐན་ཏུང་གིས་གསུང་བཤད་གནང་། ཧྲེང་ཀྲང་གཞོན་པ་ཀྲང་ལི་ཡིས་ཚོགས་འདུར་མགོ་འཛིན་མཛད། 

ཚོགས་འདུས་མཚོ་སྔོན་ཞིང་ཆེན་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་ཞུགས་པའི་ལས་དོན་སོ་སོའི་འཕེལ་རིམ་དང་། ལྷག་པར་དུ་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པའི(མཚོ་སྔོན)ཞབས་ཞུའི་འགན་ལེན་མ་ལག་འཛུགས་སྐྱོང་དང་འཁོར་སྐྱོད་གནས་ཚུལ་གསན།  ཝང་ཀྲི་ཀང་གིས་མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་ཕྱི་རོལ་ཚན་རིག་རྟོག་ཞིབ་རུ་མི་དང་བརྙན་ལམ་ཐོག་འབྲེལ་གཏུག་བྱས་ནས་ཁོང་ཚོར་འཚམས་འདྲི་དང་གུས་འདུད་ཞུས་པ་དང་། ཚང་མས་ཕྱི་རོལ་དུ་ལས་ཀ་བྱེད་སྐབས་ངེས་པར་དུ་རང་ཉིད་ཀྱི་བདེ་འཇགས་དང་གཟུགས་པོའི་བདེ་ཐང་ལ་དོ་སྣང་བྱེད་དགོས་པའི་མངགས་བཅོལ་གནང་། 

ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚན་རྩལ་པུའུ་ཡིས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་བཤད་རྒྱུར། ལོ་བཅུའི་རིང་ཚན་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་དེ་ཇུས་འགོད་དང་ལག་བསྟར་སོགས་གང་ཐད་ནས་དོན་འཁྱོལ་བྱུང་ཞིང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། མཚོ་སྔོན་ནི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ནང་ཞུགས་མཁན་ཡིན་ལ་ཕན་རེག་མཁན་ཡང་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་མགོ་ཚུགས་པར་སྤྲེངས་པའི་རྟེན་འབྲེལ་འཕྲིན་ཡིག་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱས་ནས་ནུས་ཤུགས་ཡོད་རྒུས་ཚན་རིག་ཞིབ་འཇུག་གི་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོར་བསྒྲུབ་རྒྱུ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་པུའུ་དང་ཞིང་ཆེན་བར་གྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་དགོས། ཚན་རྩལ་པུའུ་ཡིས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཞབས་ཞུའི་ལས་སྟེགས་དང་ཕྱི་རོལ་ཡུལ་གྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རྟེན་གཞི། ཚྭ་མཚེའུ་ཕྱོགས་བསྡུས་བེད་སྤྱོད་ལག་རྩལ་གསར་གཏོད་ལྟེ་གནས་བཅས་ཀྱི་འཛུགས་སྐྲུན་དང་། སྔོན་ཐོན་ནུས་གསོག་ལག་རྩལ་གྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གྲབས་འཛུགས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་འབྲི་གཡག་ལག་རྩལ་གསར་གཏོད་ལྟེ་གནས་དང་མཐོ་སྒང་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་གསར་གཏོད་ལྟེ་གནས་འཛུགས་པ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྒྲིག དམིགས་ཚད་འགག་རྩའི་ལག་རྩལ་དང་དཔེ་སྟོན་ཞིབ་འཇུག་སོགས་ཀྱི་ཐད་མཚོ་སྔོན་ལ་རྒྱབ་སྐྱོར་དང་མཛུབ་ཁྲིད་སྔར་བས་མང་བོ་བྱ་རྒྱུའི་རེ་བ་ཡོད། 

ཟླ5པའི་ཚེས9ནས་ཚེས10ཉིན་བར། ཝང་ཀྲི་ཀང་དང་བཅས་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨ་མྱེས་རྨ་ཆེན་དུ་བསྐྱོད་དེ་ཨ་མྱེས་རྨ་ཆེན་གྱི་འཁྱགས་རོམ་དང་རྩྭ་ཐང་གི་སྐྱེ་ཁམས་ཚན་རིག་རྟོག་ཞིབ་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་འབྲེལ་ཡོད་གཙོ་གནད་ཞིབ་འཇུག་གནས་ཚུལ་དང་གྲུབ་འབྲས་འགྲེམས་སྟོན་ལ་རྒྱུས་ལོན་བྱས། ཚན་རྩལ་པུའུ་ཡི་མཚོ་སྔོན་དུ་ལས་དོན་གཉེར་བཞིན་པའི་མཚོ་སྐྱོར་ལས་བྱེད་པར་འཚམས་འདྲི་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།