གྲོང་གསེབ་ཡུལ་སྐོར་ནི་མེན་ཧོའི་དཔལ་འབྱོར་འཕར་གནས་གསར་པར་གྱུར་པ།

མེན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་སྒོ་ལྟ་བུ་ཡིན་ལ།མཚོ་བོད་མཐོ་སྒང་གི་དཔྱིད་ཀ་ཡང་འདི་ནས་མགོ་ཚུགས་པ་ཡིན། ཟླ3པ་ནས་བཟུང་ཁམ་བུ་མེ་ཏོག་ལྷུག་པོར་བཞད་ནས་མཐའ་འཁོར་གྱི་ཡུལ་སྐོར་པ་མང་པོ་འགུག་བཞིན་ཡོད། མེན་ཧོའི་ཡུལ་སྐོར་ཡང“གངས་འཁྱགས་ཡུལ་སྐོར་དུས་ཚིགས”ནས“མེ་ཏོག་ལྟད་མོའི་ཡུལ་སྐོར་དུས་ཚིགས”སུ་འགྱུར་བ་ཡིན།

མཚོ་སྔོན་གྱི་ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས། ས་ཆ་སོ་སོའི་མེ་ཏོག་རྣམ་པར་བཞད་པའི་དུས་ལ་འཁེལ་ཡོད། གུང་གསེང་ཉིན་མོ་དང་གཟའ་མཇུག་ཐོན་ཐེངས་རེར་ཞིང་ཁ་དང་གྲོང་གསེབ་ཏུ་སོང་སྟེ་མེ་ཏོག་ཞིང་ཁམས་ལ་ཡུལ་སྐོར་བྱེད་པ་ནི་གཞིས་དམངས་མང་པོ་ཞིག་གི་སྤྲོ་གསེང་ཡུལ་སྐོར་གྱི་ཐོག་མའི་གདམ་བྱར་གྱུར་ཡོད། ཉེ་བའི་ལོ་འགའི་རིང་ལ། མེན་ཧོ་རྫོང་གིས་གྲོང་གསེབ་ཡུལ་སྐོར་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་བཏང་སྟེ། རྫོང་ཁོངས་ཡུལ་སྐོར་གྱི་གྲགས་ཚད་དང་ཤུགས་རྐྱེན་སྔར་བས་ཇེ་མཐོར་བཏང་ནས། གྲོང་གསེབ་ཡུལ་སྐོར་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། མིག་སྔར། གྲོང་གསེབ་ཡུལ་སྐོར་དེ་མེན་ཧོ་རྫོང་གི་དཔལ་འབྱོར་འཕར་གནས་གསར་པར་གྱུར་ཡོད།

དབྱར་ཁར་མེ་ཏོག་ལ་ལྟད་མོར་བལྟ་བ་དང་དགུན་ཁར་གངས་འཁྱགས་ལ་ཡུལ་སྐོར་བྱེད་པ་སྟེ་ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། མེན་ཧོ་རྫོང་གི་ཡུལ་སྐོར་དུས་ཚིགས་རྒྱུན་ཆད་མེད་པར་དུས་ཡུན་བསྲིངས་ཤིང་ལྗང་མདོག་འཕེལ་རྒྱས་ཀྱི་ཕྱུག་བསྒྱུར་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་བྱུང་། མེན་ཧོ་རྫོང་གི་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་བྱེད་གནས་ཆི་ལི་གྲོང་གསེབ་ཡུལ་སྐོར་ལྗོངས་ཁུལ་གྱིས་ཡུལ་སྐོར་དུས་གཞུང་དུ་ཉིན་རེར་ཆ་སྙོམས་ཀྱིས་ཡུལ་སྐོར་པ་མི་ཐེངས2000ལྷག་སྣེ་ལེན་བྱས་ནས།ལྗོངས་ཁུལ་མཐའ་འཁོར་གྱི་ཁྱིམ་ཚང49ཡི་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱས། ཞི་ཀོའུ་ཞང་ནན་ཡོན་སྡེ་བས་ཤིང་པད་མའི་ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་བསྲིངས་ནས། ཤིང་པད་མ་དེ་ཡུལ་དེའི་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱེད་པའི“ཕྱུག་བསྒྱུར་མེ་ཏོག”ཏུ་གྱུར་ཡོད།

གསར་འགོད་པས་མེན་ཧོ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། མེན་ཧོ་རྫོང་གིས“ཡུལ་སྐོར+”སོགས་ཀྱི་བྱེད་སྟངས་སྤྱད་ནས། ཞིང་ལས་དང་ནགས་ལས་དེ་ཡུལ་སྐོར་དང་རིག་གནས། ཁམས་གསོ་སོགས་ཀྱི་ཐོན་ལས་དང་གཏིང་ཟབ་ཏུ་འདྲེས་པར་སྐུལ་འདེད་བྱས་ཏེ། རྐང་ཐང་ལྟད་མོ་དང་སྐྱེ་ཁམས་ཡུལ་སྐོར། བདེ་ཐང་ཁམས་གསོ་བཅས་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་གྱི་ཚོང་རྟགས་གྲགས་ཅན་བསྐྲུན།

2020ལོའི་ལོ་མཇུག་བར་དུ། མེན་ཧོ་རྫོང་གིས་བསྡོམས་པས4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ1དང3Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ3། གྲོང་གསེབ་ཡུལ་སྐོར་སྣེ་ལེན་བྱེད་གནས233(དེའི་ནང་སྐར་རིམ་གྲོང་གསེབ་རིག་གནས་ཡུལ་སྐོར་སྣེ་ལེན་བྱེད་ས59དང་། སྐར་བཞི་རིམ་པའི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་བྱེད་ས25། སྐར་གསུམ་རིམ་པའི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་བྱེད་ས34)ཡོད། སྡོམ་རྩིས་བྱས་པ་ལྟར་ན། 2020ལོར་མེན་ཧོ་རྫོང་གི་གྲོང་གསེབ་ཡུལ་སྐོར་གྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི267.68སྣེ་ལེན་བྱས་ཏེ། ཡུལ་སྐོར་གྱི་ཡོང་སྒོ་སྒོར་དུང་ཕྱུར8.73བླངས།

ད་ལོ། མེན་ཧོ་རྫོང་གིས་གྲོང་གསེབ་ཡུལ་སྐོར་ཀྱི་ཐོན་ཁུངས་དང་ཚོང་ཁྲོམ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ལྷོ་ཕྱོགས་ཀྱིས“ལ་ཅ་རྗེས་ཤུལ་དང་ཧོར་རིགས་ཀྱི་ཡུལ་སྲོལ། རྨ་ཆུའི་མཛེས་ལྗོངས། ཏ་ཡུས་འཁྲུངས་ཡུལ”བཅས་གནས་བཞི་གཞི་གཅིག་གི་འཕེལ་རྒྱས་འདུ་ཤེས་ལ་བརྟེན་རྒྱུ་དང་། དབུས་རྒྱུད་ཀྱིས“ཆི་ལི་སི་ཆུ་ཁོལ་དང་ཞི་ཀོའུ་ཐེན་ཅིན་འགག་སྟེ་སུང་ཧྲན་ལྗོངས་ཁུལ”གྱི་ལུས་ཕུང་ཁམས་གསོ་ཡུལ་སྐོར་ལྗོངས་ཁུལ་ལ་བརྟེན་རྒྱུ། བྱང་ཕྱོགས་ཀྱིས“ཁམ་བུ་མེ་ཏོག་འབྱུང་ཁུངས་ཀྱི་སྤྲོ་གསེང་ཡུལ་སྐོར་གུང་གསེང་ཁུལ”ལ་བརྟེན་པའི་ཡུལ་སྐོར་བསྐོར་ལམ་དང་ལམ་ཐིག་བཟང་ཤོས་བསྐྲུན་རྒྱུ་རེད།

“མེ་ཏོག་གི་དཔལ་འབྱོར”ནམ་ཡང་རྣམ་པར་བཞད་དུ་འཇུག་ཆེད། མེན་ཧོ་རྫོང་གིས་ཆི་ལི་མེ་ཏོག་ཞིང་ཁམས་དང་ཞི་ཀོའུ་ནན་ཡོན་གྱི་ཤིང་པད་མ་གླིང་ག་སོགས་གྲོང་གསེབ་ཡུལ་སྐོར་གྱི་རིམ་སྤར་བཟོ་འགོད་མགྱོགས་པོར་སྤེལ་རྒྱུ་དང་། ཁམ་བུ་མེ་ཏོག་ར་བའི་ལྗོངས་ཁུལ་གྱི་རྐང་ལམ་དང་ཡུལ་སྐོར་པའི་ཞབས་ཞུ་ལྟེ་གནས། གསང་སྤྱོད་ཁང་སོགས་ཀྱི་ལས་གཞི་མགྱོགས་པོར་ལག་བསྟར་བྱེད་རྒྱུ། ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་བྱེད་ནུས་འཐུས་ཚང་དུ་གཏོང་རྒྱུ་ཡིན་པར་མ་ཟད། དྲ་རྒྱ་མ་ལག་མགྱོགས་པོར་འཐུས་ཚང་དུ་བཏང་སྟེ། “ཤར་ཕྱོགས་ཀྱི་ཕང་པེ་སྟེ་ཀོན་ཐིན་གནའ་གྲོང”གི་རིག་གནས་ཡུལ་སྐོར་སྤྲོ་གསེང་གནའ་གྲོང་ཤུགས་ཡོད་རྒུས་བསྐྲུན་རྒྱུ་རེད།

རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པའི་ཁྲོད་དུ། མེན་ཧོ་རྫོང་གིས་ལིང་ཅིན་གནའ་བོའི་གྲུ་ཁ་དང་ལ་ཅ་རྒྱལ་ཁབ་གནའ་དཔྱོད་རྗེས་ཤུལ་སྤྱི་གླིང་། ལ་ཅ་ཀྲེ་སོགས་མི་རིགས་རིག་གནས་ཡུལ་སྐོར་ལས་གཞིའི་འཛུགས་སྐྲུན་ལ་བསྟུད་མར་སྐུལ་འདེད་བྱེད་རྒྱུ་དང་། ཧོར་རིགས་ཀྱི་ན་ཏུན་དང་མངོན་མིན་རིག་གནས་ཤུལ་བཞག་བཤམས་སྟོན། རིག་གནས་ཡུལ་དངོས་འཁྲབ་སྟོན་སོགས་ཀྱི་ལོ་རྒྱུས་རིག་གནས་དང་མི་རིགས་ཡུལ་སྲོལ། དམངས་སྲོལ་སོགས་ཀྱི་ཡུལ་སྐོར་ཐོན་ཁུངས་གཏིང་ཟབ་ཏུ་སྔོག་འདོན་བྱས་པ་བརྒྱུད་ནས། ཚོང་རྟགས་གྲགས་ཅན་རིག་གནས་ཡུལ་སྐོར་ལྗོངས་ཁུལ་དང་མི་རིགས་ཁྱད་ལྡན་གྱི་རིག་གནས་ཡུལ་སྐོར་ལྗོངས་ཁུལ་སྐོར་ཞིག་གསར་སྤེལ་དང་འཛུགས་སྐྲུན་བྱས་ཏེ། ཡུལ་སྐོར་ཐོན་རྫས་ཀྱི་འདོན་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ཡུལ་སྐོར་ཐོན་རྫས་ཀྱི་གྲུབ་ཚུལ་སྔོན་ཆད་ཀྱི་སྣ་གཅིག་རྐྱང་གི་ལྟད་མོའི་ཐོན་རྫས་ནས་རིག་གནས་ཡུལ་སྐོར་གྱི་གཏིང་ཟབ་མཉམ་འདྲེས་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།