ཕུགས་བསམ་གྱི་ཞིང་ཁམས་སུ་དཔྱིད་རླུང་ལྡང་དུས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་སེང་གེ་གཤོང་ཡ་མགོ་སྡེ་བའི་གཞོན་སྐྱེས་བུད་མེད་ལྷ་རིས་པ་འབྲུག་མོ་སྐྱིད་ལ་མཚོན་ན། འདས་མ་ཐག་པའི2020ལོ་ནི་བྲེལ་བ་ཤིན་ཏུ་ཆེ་ལ་འབྲས་བུ་གཡུར་དུ་ཟ་བ་ལོན་པའི་ལོ་ཞིག་རེད། མོས་རང་གི་ལོ་གཅིག་ཅན་གྱི་བུ་མོ་སྙོར་ཞོར་རང་དང་ལས་རིགས་གཅིག་པའི་ཁྱོ་ག་དང་མཉམ་དུ་ཙ་ཀ་ལི100ལྷག་བྲིས་ནས་སྒོར་ཁྲི5ལྷག་གི་ཁེ་བཟང་རེག་པ་དང་། ལོ་དེར་ཁོ་གཉིས་ཀྱིས་ཁྱིམ་གྱི་ཁང་པ་བསྐྱར་ལས་ཐེངས་ཤིག་བྱས།

“ད་ལོར་དོན་དག་གཞན་མེད་ལ། བུ་མོ་ཡང་ཅུང་ལག་ཆགས་ཡོད་པས། ངས་ཀྱང་དུས་ཚོད་མང་པོ་སྤྱད་དེ་ཁྱོ་བོར་རོགས་བྱས་ན་ཆོག”ཅེས་འབྲུག་མོ་སྐྱིད་ཀྱིས་མདུན་གྱི་ཤིང་ལེབ་སྟེང་གི་ཙ་ཀ་ལིར་ཚོན་གཏོང་ཞོར་སླར་ཡང་བཤད་རྒྱུར།“ད་ལྟ། རིག་གནས་གསར་གཏོད་ཀྱི་རྒྱན་ཆ་འདི་དག་ལ་དགའ་བསུ་བྱེད་མཁན་མང་ལ། ང་ཚོས་བྲིས་ནའང་ཧ་ཅང་མགྱོགས།”

“ཙ་ཀ་ལི”ནི་རྒྱུན་མཐོང་གི་ཐང་ག་དང་འདྲ་བར། རྡོ་ཚོན་སྤྱད་དེ། སྐྱ་ཐིག་བརྒྱབ་ནས་འབྲི་དགོས་པས། ཐང་གའི་ལས་ཀ་ཚགས་དམ་ལ་མདངས་བཀྲ་བ། ལོ་མང་འགོར་ཡང་མདོག་མི་ཡལ་བ་བཅས་ཀྱི་ཁྱད་ཆོས་རྒྱུན་འཛིན་བྱས་ཡོད་པར་མ་ཟད། མ་རྩ་ཡང་ཇེ་ཉུང་དུ་བཏང་ཡོད་པས། རེབ་གོང་གི་ལྷ་རིས་པ་མང་པོས་འབྲི་མོས་པ་དང་ཚོང་མགྲོན་གྱིས་དགའ་བསུ་ཐོབ་པའི་ཐོན་རྫས་ཤིག་ཏུ་གྱུར། འབྲི་རས་ཆུང་སྟབས། དེར་ལྟ་སྐབས་རྒྱུན་པར་ཆེ་ཤེལ་སྤྱད་ཚེ་ད་གཟོད་གྲུབ་རིས་ཀྱི་རྩེར་སོན་ཞིབ་ཕྲའི་ཆ་གསལ་པོར་མཐོང་ཐུབ།

ཐུན་རིན་ནི་རེབ་གོང་རིག་པ་འབྱུང་བའི་ཕ་ས་ཡིན་ལ། འབྲུག་མོ་སྐྱིད་སྡོད་སའི་སེང་གེ་གཤོང་ནི་ལྷག་པར་དུ“ཁྱིམ་ཚང་རེར་ལྷ་རིས་པ་ཡོད་པ་དང་། མི་རེ་རེས་ཐང་ག་འབྲི་ཤེས་པ”ཡིན་པས། “ཐང་གའི་ཕ་ས”ཞེས་པའི་མཚན་སྙན་ཐོབ་ཡོད། སྡེ་མི་རྣམས་ཀྱིས་ལག་ཟུང་བདེ་མོ་རེ་རེ་ལ་བརྟེན་ནས། ཐང་ག་དང་འབག་སྐུ། ཤིང་རྐོ་དང་ཚེམ་དྲུབ་བཅས་བཟོ་རྩལ་ཐོན་རྫས་སྣ་ཚོགས་བཟོ་བཞིན་ཡོད་པས། དཔལ་འབྱོར་ཡོང་འབབ་ཀྱང་ཐུན་རིན་གྲོང་ཁྱེར་གྱི་སྡེ་བ་གང་གིས་ཀྱང་དོ་ཟླ་མི་ཡོང་བ་ཞིག་རེད།

སེང་གེ་གཤོང་ཡ་མགོའི་ཁྱིམ་ཚང285ཡི་ནང་། རེབ་གོང་སྒྱུ་རྩལ་བཟོ་སྐྲུན་གྱི་ལས་ཀ་གཉེར་མེད་པའི་ཁྱིམ་ཚང་གཉིས་གསུམ་ཙམ་ལས་མེད་པ་རེད། ལོ4ཡི་ཡར་སྔོན་ལ། འབྲུག་མོ་སྐྱིད་ཚང་ཡང་དེའི་ནང་གི་གཅིག་རེད། མོ་དང་ནུ་བོ་སློབ་གྲྭ་འགྲིམས་དུས། ཁྱིམ་གྱི་ཡོང་འབབ་གཙོ་བོ་ཨ་མས་རེབ་གོང་སྒྱུ་རྩལ་གླིང་དུ་གད་བདར་བྱས་པ་ལ་བརྟེན་བཞིན་ཡོད། 2015ལོའི་ལོ་མཇུག་ལ། ཁོ་ཚང་ཚགས་བཙུགས་བྱང་སྒྲིག་དབུལ་ཁྱིམ་གྱི་གྲས་སུ་བཞག

ལོ་འདི་འགར། རེབ་གོང་སྒྱུ་རྩལ་རྒྱུན་ཆད་མེད་པར་ཐོན་ལས་ཅན་གྱི་ཕྱོགས་སུ་འཕེལ་བ་དང་བསྟུན་ནས། ལག་རྩལ་དེ“སྐྱེས་པ་མ་གཏོགས་བུད་མེད་ལ་མི་འཁྲིད་པ་དང་། རང་མི་མ་གཏོགས་གཞན་མི་ལ་མི་འཁྲིད་པ”ཡི་ལས་རིགས་ཀྱི་གོམས་སྲོལ་བསྒྱུར་བས། ཕུགས་འདུན་རུམ་པའི་བུ་མོ་རྣམས་སྒྱུ་རྩལ་གླིང་གི་སྒོ་ཐེམ་བརྒལ་ནས། རེབ་གོང་ཐང་ག་འབྲི་བཞེངས་ཀྱི་ལག་རྩལ་སྦྱངས་ཐུབ་པ་བྱུང་། གོ་སྐབས་འདི་སྤྱད་དེ། ཐུན་རིན་གྲོང་ཁྱེར་གྱིས་སྒྱུ་རྩལ་གླིང་སོ་སོའི་སྟེགས་བུ་ལ་བརྟེན་ནས། དབུལ་སྐྱོར་འཁོར་ཁང་མང་པོ་བཙུགས་པ་དང་། དབུལ་ཕོངས་སློབ་མས་གནས་འདི་ནས་རིན་མེད་སྒོས་ལག་རྩལ་སྦྱོང་ཐུབ་པར་མ་ཟད།འཚོ་བའི་ཁ་གསབ་ཀྱང་ལོན་ཐུབ།

2017ལོར། འབྲུག་མོ་སྐྱིད་ཀྱང་རང་གི་བསམ་འདུན་ལྟར་རེབ་གོང་སྒྱུ་རྩལ་གླིང་གི་སློབ་མར་གྱུར་པ་དང་། ལོ་ངོ4ཡི་རིིང་ལ་སྐོམ་པས་ཆུ་འདོད་ལྟར་སྦྱངས་བརྩོན་བྱས་པ་བརྒྱུད། ཐང་ག་འབྲི་བཞེངས་ཀྱི་རྩ་བའི་ལག་རྩལ་རྒྱུད་ལ་འབྱོར་ཞིིང་། ད་ལྟ་མོས་ཁྱོ་བོར་རམ་འདེགས་བྱས་ཏེ། བརྩམས་ཆོས་རེ་རེ་ཆ་ཚང་བའི་སྒོ་ནས་བཞེངས་ཐུབ་པ་འདིས། ཁོ་གཉིས་ཀྱི་མ་འོངས་པར་རེ་བ་ཆེན་པོ་ལྡན་དུ་བཅུག

འབྲུག་མོ་སྐྱིད་ཚང་དུ་སོང་བ་ན། སྒོའི་གཡས་གཡོན་གཉིས་སུ་བོད་ཡིག་གི་ལོ་སར་ཤིས་ཚིག་སྦྱར་ཡོད་པ་དེ་དང་། སྒོ་རའི་ཀ་བའི་སྟེང་བཀལ་བའི་སྟར་བརྒྱུས་ལྒང་ཞུ་དམར་པོ་བཅས་མཐོང་དུས་མི་ལ་སྔར་བཞིན་ལོ་གསར་གྱི་ཚོར་བ་སྟེར། ར་སྐོར་གྱི་ས་ངོས་སུ་ཤིང་གཅལ་བཏིང་ཡོད་པ་དང་། དྭངས་གསལ་ཤེལ་སྒོས་ཁང་ཀླད་བཀབ་པས། ལྷས་ར་གྲུ་བཞིའི་བར་སྟོང་དེ་རྣམ་པ་གཞན་ཞིག་ཏུ་བསྒྱུར་འདུག ཁང་པར་རྒྱན་བཟོ་བྱས་རྗེས། འབྲུག་མོ་སྐྱིད་ཁྱོ་ཤུག་གཉིས་ཀྱིས་གསར་དུ་ཉོས་པའི་རས་ཐུམ་འབོལ་ཁྲི་དང་ཇ་ཅོག ཟས་ཅོག་བཅས་ལྷས་རའི་ནང་བཞག་སྟབས། སྔོན་ཆད་ཅུང་གུ་དོག་པའི་ཁང་པ་ལ་བར་སྟོང་ཆེན་པོ་ཞིག་བསྐྲུན་ཡོད་ཅིང་། དེར་ཡོང་བའི་མི་རྣམས་ལ་བདེ་སྣང་ཞིག་སྦྱིན།

“སྔོན་ཆད་ཨ་མ་གཅིག་པུས་ཁྱིམ་ཚང་འདིའི་འགན་ཡོངས་རྫོགས་ཁུར་དུས། ལྟོ་རྒྱབ་ལ་སེམས་ཁྲལ་བྱེད་མི་དགོས་མོད། འོན་ཀྱང་རེ་བ་ཆེན་པོ་མཐོང་རྒྱུ་མེད”ཅེས་འབྲུག་མོ་སྐྱིད་ཀྱིས་འདས་སོང་ལ་ཕྱིར་དྲན་བྱེད་ཞོར“འདི་ཡང་ང་སློབ་བྱོལ་བྱས་པའི་རྒྱུ་རྐྱེན་གཙོ་བོ་ཡིན། དེ་དུས་ངས་མྱུར་མོར་ཡུལ་ལ་ལོག་ནས་ཁྱིམ་ལས་ལས་རོགས་བྱེད་རྒྱུ་ཁོ་ན་བསམ་པ་ཡིན”ཟེར།

དབུལ་ཕོངས་ཁྱིམ་ཚང་གི་གྲས་སུ་བཞག་རྗེས། སྲིད་ཇུས་ཀྱི་ཁེ་ཕན་གྱིས་འབྲུག་མོ་སྐྱིད་ཚང་གི་འཚོ་བའི་ཁུར་བོ་སྔར་ལས་ཇེ་ཡང་དུ་བཏང་སྟེ། སྤྱི་ཕན་རང་བཞིན་གྱི་ལས་གནས་དང་། མ་མཐའི་འཚོ་བའི་འགན་སྲུང་གི་མ་དངུལ། སྤྱི་ཚོགས་འགན་སྲུང་དང་། མ་རྩའི་ཡོང་འབབ་བཅས་ནི་མོ་ཚང་ལ་མཚོན་ན་ཡོང་འབབ་མི་ཉུང་བ་ཞིག་རེད། 2019ལོའི་ཟླ5པར། འབྲུག་མོ་སྐྱིད་ཀྱིས་སྨན་ཁང་ནས་ཕྲུ་གུ་སྐྱེ་དུས། ཁྲག་རྒྱག་དགོས་སྟབས་གཟའ་འཁོར་གཅིག་གི་ནང་འགྲོ་སོང་སྒོར7000ལྷག་བཏང་མོད། སྨན་ཁང་ནས་ཕྱིར་བུད་དེ་བསྡོམས་རྩིས་རྒྱག་སྐབས། མོ་རང་གིས་སྒོར1000ཡང་སྤྲོད་མ་དགོས། “གལ་ཏེ་སྲིད་ཇུས་འདི་འདྲ་མེད་ཚེ། ང་ལ་མཚོན་ན་འདི་དངོས་གནས་འགྲོ་སོང་ཆེན་ཞིག་རེད”ཅེས་འབྲུག་མོ་སྐྱིད་ཀྱིས་སེམས་ཚོར་ཟབ་མོས་ངང་དེ་ལྟར་བཤད།

2020ལོར་ཐུན་རིན་གྲོང་ཁྱེར་གྱིས་བདེ་བླག་ངང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་མོད། དབུལ་ཕོངས་ལས་ཐར་བའི་འབྲུག་མོ་སྐྱིད་དང་སྡེ་བའི་ནང་གི་ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་ཚོས་སྔར་བཞིན་སྲིད་ཇུས་ཀྱི་ཁེ་ཕན་ལོངས་སུ་སྤྱད་ཆོག ན་ནིང་། མ་མཐའི་འཚོ་བའི་འགན་སྲུང་གི་མ་དངུལ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་གླ་ཕོགས། མ་རྩའི་ཁེ་ཕན་ཐོན་ལས་ཀྱི་ཐོབ་ཆ་བཅས་བགོས་རྗེས། འབྲུག་མོ་སྐྱིད་ཚང་གི་བཟའ་མི་གང་བོར་ལོ་གཅིག་གི་ནང་སྒོར་ཁྲི12ལྷག་ཐོབ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།