《ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་དང་བཅའ་ཁྲིམས་གཞི་རིམ་དུ་སྐྱེལ་བ》ཞེས་པའི་ཞབས་ཕྱིའི་བྱ་འགུལ་སྟེ། པདྨ་རྫོང་མི་དམངས་འདུམ་འགྲིག་པའི་དམངས་དོན་ཁྲིམས་གཞུང་གི་ཆེད་དོན་གསོ་སྦྱོང་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཕྱོགས་ཡོངས་ནས《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་དང་དྲིལ་སྒྲོག་གི་ལས་དོན་ཡག་པོ་སྒྲུབ་སྟེ། མི་དམངས་འདུམ་འགྲིག་པའི་ཆབ་སྲིད་བསམ་བློ་གོ་རྟོགས་དང་གཟུ་བཤད་ཆུ་ཚད་ཇེ་མཐོར་གཏོང་བ་དང་། མི་དམངས་འདུམ་འགྲིག་པའི་ལམ་ལུགས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཆེད། ཟླ5པའི་ཚེས9ཉིན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་སྨྱན་བྱད་གསར་པའི་ཁྱབ་སྤེལ་ལྟེ་གནས་དང་མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་། པདྨ་རྫོང་ཁྲིམས་འཛིན་ཅུའུ། ཟི་ལིང་མཁར་ནུབ་སྨྱན་གསར་བཅའ་ཁྲིམས་ཞབས་ཕྱི་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་པའི《ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་དང་བཅའ་ཁྲིམས་གཞི་རིམ་དུ་སྐྱེལ་བ》ཞེས་པའི་ཞབས་ཕྱིའི་བྱ་འགུལ་སྟེ།པདྨ་རྫོང་མི་དམངས་འདུམ་འགྲིག་པའི་དམངས་དོན་ཁྲིམས་གཞུང་གི་ཆེད་དོན་གསོ་སྦྱོང་ཚོགས་འདུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ཏང་གི་སློབ་གྲྭ་ནས་སྤེལ། པདྨ་རྫོང་མི་དམངས་འདུམ་འགྲིག་པའི་ཆེད་འགན་ཀྲུའུ་རེན་རྟ་མགྲིན་རྒྱལ་གྱིས་ཚོགས་འདུར་འགོ་འཛིན་བྱས་ཤིང་། མཚོ་སྔོན་དགེ་འོས་སློབ་ཆེན་ཁྲིམས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་སྙིང་བོ་རྒྱལ་གྱིས"དམངས་དོན་ཁྲིམས་གཞུང་དང་ང་ཚོའི་འཚོ་བ"ཞེས་པའི་སྐོར་ནས་འཆད་ཁྲིད་བྱས། པདྨ་རྫོང་ཡོངས་ཀྱི་མི་དམངས་འདུམ་འགྲིག་པ30ལྷག་ཚོགས་འདུར་ཞུགས།

 ཐེངས་འདིའི་ཆེད་དོན་གསོ་སྦྱོང་ཚོགས་འདུའི་སྟེང་པདྨ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་གའོ་ཆེན་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་སྨྱན་བྱད་གསར་པའི་ཁྱབ་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་བུན་ཁྲང་རྒྱལ། པདྨ་རྫོང་ཁྲིམས་འཛིན་ཅུའི་ཅུའུ་ཀྲང་ཐེན་ཞའོ་ཧུང་བཅས་ཞུགས་ཡོད་པར་མ་ཟད་གཏམ་བཤད་གནང་། དགེ་རྒན་ཆེན་མོ་སྙིང་བོ་རྒྱལ་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དུས་རབས་ཀྱི་དོན་སྙིང་དང་། གཞི་རྩའི་ནང་དོན་གྱི་སྐོར་ནས་ངོ་སྤྲོད་མདོར་བསྡུས་བཅས་དུས་རྒྱུན་བྱ་བའི་ཁྲོད་ཀྱི་དཔེར་མཚོན་གྱོད་དཔེ་དང་ཟུང་འབྲེལ་གྱིས་གསལ་འགྲེལ་བྱས་པ་དང་ཆབས་ཅིག《དམངས་དོན་ཁྲིམས་གཞུང》ལ་བརྟེན་ནས་སྤྱི་ཚོགས་དང་དམངས་ཁྲོད་ཀྱི་འགལ་བ་དང་རྩོད་གཞི། གཉེན་འཐོར། ཤུལ་འཛིན། བདག་དབང་གི་འགན་འཁྲི་སོགས་ལ་འདུམ་འགྲིག་ཇི་ལྟར་བྱེད་པའི་ཐད་ནས་རེ་རེ་བཞིན་ཉན་སྤྲོ་ཞིང་གོ་བདེ་བའི་འཆད་ཁྲིད་གནང་།

2.png

ཚོགས་འདུ་མཇུག་སྒྲིལ་རྗེས། པདྨ་རྫོང་གི་མི་དམངས་འདུམ་འགྲིག་པ་སྐྱབས་གྲོལ་གྱིས་གསར་འགོད་པར།  ཐོག་མར་ངས་དགེ་རྒན་རྣམ་པ་རྒྱང་ཐག་རིང་བའི་ཟི་ལིང་གྲོང་ཁྱེར་ནས་གནས་འདིར་ཕེབས་པར་དགའ་བསུ་དང་བཀའ་དྲིན་ལྷན་དུ་ཞུས་པ་ཡིན་ལ། གོང་ནས་དགེ་རྒན་ཆེན་མོ་སྙིང་བོ་རྒྱལ་ལགས་གྱིས་གསུངས་པའི་བཅའ་ཁྲིམས་ཀྱི་ཤེས་བྱ་དེ་དག་ནི་ང་ཚོའི་འཚོ་བ་དང་མི་ལུས་ཁེ་དབང་ལ་ཐད་ཀར་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་ཞིང་། ཐེངས་འདིའི་ཆེད་དོན་གསོ་སྦྱོང་ཚོགས་འདུའི་སྟེང་སློབ་སྦྱོང་བྱས་པ་བརྒྱུད། རྗེས་སུ་རང་ཉིད་ཀྱིས་དུས་རྒྱུན་བྱ་བའི་ཁྲོད་འགན་ཁུར་གྱི་འདུ་ཤེས་སྔར་ལས་ཆེར་བསྐྱེད་ཀྱིས་མི་དམངས་འདུམ་འགྲིག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འདུམ་འགྲིག་པ་བཟང་བོ་ཞིག་བྱེད་པར་ཧུར་བརྩོན་བྱ་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།