ཁྲི་ཀ་ནས་རྟ་བོ་བར་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་ཨ་སྐོང་ནས་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་བར་ལམ་ཐག་ལ་སྤྱི་ལེ280ཅན་གྱི་མྱུར་བགྲོད་གཞུང་ལམ་ཞིག་བསྐྲུན་རྒྱུ་ཡིན་པ་དང་། གཞུང་ལམ་འདིའི་ལམ་ཐག་རིང་ལ་མ་དངུལ་འབོར་ཆེན་ཡིན་པ། འཛུགས་སྐྲུན་གྱི་དཀའ་ཁག་ཆེ་བ་སོགས་དཀའ་ངལ་གང་མང་ཡོད་ནའང་། ལས་གཞི་འདི་ལེགས་འགྲུབ་བྱུང་རྗེས་རང་ཞིང་གི་ལྷོ་ནུབ་བར་གྱི་བགྲོད་ལམ་གལ་ཆེན་ཞིག་ཏུ་འགྱུར་ངེས། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར་ཁྲི་ཀ་ནས་རྟ་བོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་ལག་བསྟར་བྱེད་བཞིན་པའི་སྒང་ཡིན་པ་དང་སྔ་མོ་ནས་འཛུགས་སྐྲུན་མགོ་རྩོམ་པར་བརྩོན་ལེན་བྱེད་བཞིན་ཡོད། 

རྒྱུས་ལོན་པ་ལྟར་ན། ཁྲི་ཀ་ནས་རྟ་བོ་བར་གྱི་གཞུང་ལམ་ལས་གཞི་འདི་རྒྱལ་ཁབ་གཞུང་ལམ་དྲ་རྒྱའི་འཆར་འགོད་ཁྲོད་ཀྱི་རྒྱལ་ལམ227(张掖—孟连)གྱི་གྲུབ་ཆ་ཞིག་ཡིན་ལ། རང་ཞིང་གི“3410”མྱུར་བགྲོད་གཞུང་ལམ་དྲ་བའི་ཟི་ལིང་ནས་ཁྲི་ཀ་བར་གྱི་ལམ་ཐིག་ཡིན་པར་མ་ཟད། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་གཞུང་ལམ་ལས་གཞི་གལ་ཆེན་ཁྲོད་ཀྱི་རྣམ་གྲངས་ཞིག་ཀྱང་ཡིན།  ལས་གཞི་འདི་འཛུགས་སྐྲུན་བྱས་པ་ལས་རང་ཞིང་གི་གཞུང་ལམ་དྲ་བའི་གྲུབ་ཚུལ་འཐུས་ཚང་དང་། རང་ཞིང་གི་གཞུང་ལམ་འགྲིམ་འགྲུལ་འཆར་འགོད་འཛུགས་སྐྲུན་འཕེལ་རྒྱས་ཇེ་མགྱོགས་སུ་སོང་ནས་སྔར་ལས་ལྷག་པའི་སྒོ་ནས་རླངས་འཁོར་འགྲོ་རྒྱུག་གི་ཆ་རྐྱེན་ཇེ་ལེགས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་ཐོན་ཁུངས་གསར་སྤེལ་བྱེད་པ། ཞིང་ཆེན་གཞན་དག་དང་འགྲོ་འོང་བྱེད་པར་ཤུགས་སྣོན་པ་བཅས་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། 

ཁྲི་ཀ་ནས་རྟ་བོ་བར་གྱི་གཞུང་ལམ་དེ་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་གི་ཨ་སྐོང་ནས་ལས་མགོ་བརྩམས་ཏེ། ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའིG310གཞུང་ལམ་གྱི་གཅན་ཚ་ནས་གུང་ཧོ་བར་གྱི་ཡར་ག་ནས་ཨ་སྐུང་བར་གྱི་ལམ་མཚམས་དང་སྦྲེལ་ཡོད་ལ། མཇུག་མཐའི་ས་ཚིགས་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ཡིན་ལ། དེ་འཛུགས་སྐྲུན་ལེགས་འགྲུབ་བྱས་པའིG0615གཏེར་ལེན་ཁ་ནས་འབར་ཁམས་བར་གྱི་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་ལམ་མཚམས་དང་སྦྲེལ་རྒྱུ་ཡིན་པ་དང་། སྤྱིའི་ལམ་ཐག་ལ་སྤྱི་ལེ278.25ཡོད་པ་དང་སྔོན་རྩིས་ཀྱི་མ་དངུལ་སྒོར་དུང་ཕྱུར360ལྷག་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།