ཨ་ཆེན་གངས་རྒྱབ་ཀྱི་ད་ལོའི་སྐོར་དང་པོའི་གཙོད་གནས་སྤོར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འབྱུང་ཡུལ་ས་ཁུལ་གྱི་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ5པའི་ཚེས2ཉིན་གྱི་ཆུ་ཚོད13སྟེང་། སྨིག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་ཀྱིས་ད་ལོའི་ཐོག་དང་པོའི་གཙོད235མཚོ་བོད་ལྕགས་ལམ3002གཞུང་ལམ་ནས་ཨ་ཆེན་གངས་རྒྱབ་དབུས་རྒྱུད་དུ་གནས་སྤོར་བྱེད་པར་ལྟ་ཞིབ་ཚད་ལེན་བྱས་ཤིང་། འདིས2021ལོའི་གཙོད་གནས་སྤོར་བྱེད་པ་མགོ་བརྩམས་པ་མཚོན་ཡོད། 

ཉིན་དེར་སྐོར་དང་པོའི་གཙོད་བདེ་བླག་ངང་མཚོ་བོད་ལྕགས་ལམ་གྱི་ཝུའུ་པེ་ཟམ་ཆེན་དང་མཚོ་བོད་གཞུང་ལམ་བརྒྱུད་ནས། བྲག་ནག་མཚེའུ་ས་ཁུལ་དུ་གཙོད་ཕྲུག་སྐྱེ་བར་འགྲོ་བཞིན་ཡོད་པ་དང་། ད་དུང་རྗེས་ཕྱོགས་མུ་མཐུད་དུ་གཙོད་མང་པོ་གཙོད་ཕྲུག་སྐྱེ་བར་འགྲོ་ངེས་ཡིན། གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་ལོ་རེའི་ཟླ5པ་ནས་ཟླ7པའི་ཟླ་སྟོད་བར་བོད་བྱང་ཐང་དང་ཞིན་ཅང་ཨའར་ཅིན་ཧྲན་རི་བོ་དང་། དེ་བཞིན་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་དང་ཨ་ཆེན་གངས་རྒྱབ་སྲུང་སྐྱོང་ཁུལ་དུ་ཡོད་པའི་གཙོད་ཁྲི་ཕྲག་མང་པོ་ས་བབ་སྨི4800ཡོད་པའི་ཨ་ཆེན་གངས་རྒྱབ་དབུས་རྒྱུད་ཀྱི་བྲག་ནག་མཚེའུ་སོགས་སུ་གཙོད་ཕྲུག་སྐྱེ་བར་འགྲོ་བ་དང་། ཟླ8པར་གཙོད་ཀྱིས་གཙོད་ཕྲུག་འཁྲིད་དེ་ཕྱིར་ལོག་ཡོང་པ་རེད།

གཙོད་གནས་སྤོར་བྱས་ཏེ་གཙོད་ཕྲུག་སྐྱེ་བའི་སྲུང་སྐྱོང་ལས་དོན་ཡག་པོར་བསྒྲུབ་ཆེད། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་བཀོད་སྒྲིག་ཞིབ་ཚགས་སྒོས་སྨིག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་གཙོ་བྱས་པའི་གཞི་རིམ་གྱི་སྲུང་སྐྱོང་ས་ཚིགས་ཁག་གིས་གནས་སྐབས་འགྲིམ་འགྲུལ་དོ་དམ་ཚོད་འཛིན་དང་། དུང་བརྡ་གཏོང་བ་གཏན་འགོག སྐོར་སྲུང་རོགས་སྐྱོབ་སོགས་ནུས་པ་ལྡན་པའི་བྱེད་ཐབས་སྤྱད་ནས་གནས་སྤོར་བྱེད་པའི་གཙོད་བདེ་འཇགས་ངང་གཞུང་ལམ་བརྒྱུད་པ་དང་། གནས་སྤོར་བྱེད་པའི་ལམ་བར་དུ་མིའི་རིགས་ཀྱིས་གནོད་འཚེ་མི་ཐེབས་པའམ་ཡང་ན་གནོད་འཚེ་ཇེ་ཉུང་དུ་ཐེབས་པར་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་ས་ཚིགས་ཁག་ལ་གཙོད་ཕྲུག་སྐྱེ་བའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ་གནས་སྤོའི་དུས་ཚོད་དང་། གནས་སྤོའི་གྲངས་ཚད། འབྲེལ་ཡོད་གཞི་གྲངས་བཅས་ལ་ལྟ་ཞིབ་ཚད་ལེན་དང་བསྡོམས་རྩིས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན། ལོ་ངོ་མང་པོའི་རིང་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ཡིས་གཙོད་དང་དེ་བཞིན་འཚོ་གནས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཀྱི་གྲངས་འབོར་ཁྲི7ལྷག་ཙམ་ལ་སླེབས་ཡོད་པས། མཚོ་བོད་ལམ་ཐིག་གི་ཡུལ་ལྗོངས་དམིགས་བསལ་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།