མཚོ་སྔོན་དངུལ་ཁང་ཉེན་འགོག་ལྟ་རྟོག་དོ་དམ་ཅུས་ཀྱིས་རྫོང་ཁོངས“ཡིད་རྟོན་དངུལ་བུན་ཆད་གསབ་ཀྱི”ལས་གཞིར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མཚོ་སྔོན་དངུལ་ཁང་ཉེན་འགོག་ལྟ་རྟོག་དོ་དམ་ཅུས་ནས་ཤེས་གསལ་ལྟར་ན། མཚོ་སྔོན་དངུལ་ཁང་ཉེན་འགོག་ལྟ་རྟོག་དོ་དམ་ཅུས་ཀྱིས་མཚོ་སྔོན་ལྷོ་རྒྱུད་ཀྱི་བོད་འབྲེལ་ས་ཁུལ་ཡིད་རྟོན་དངུལ་བུན་ཆད་གསབ་ཀྱི“ལྟེ་གནས་ས་ཁུལ”ལ་དམིགས་ཏེ། ལྟ་རྟོག་དོ་དམ་ཀྱིས་སྣེ་ཁྲིད་དང་སྲིད་ཇུས་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། མངའ་ཁོངས་ཀྱི་དངུལ་ཁང་ལས་ཁུངས་ཀྱིས་ལོ་རེའི་དངུལ་བསྐྱི་བཅོལ་སྡུར་ཚད་ཨང་རིམ་རྗེས་མ་ལྔའི་རྫོང་ཁོངས་ལས་ཁུངས་འདེམ་པར་ལྟ་སྐུལ་བྱེད་པ། དངུལ་བསྐྱི་བཅོལ་སྡུར་ཚད་མཐོར་འདེགས་པའི་འཆར་གཞི་བཟོས་ཏེ། སྔར་ལས་མང་བའི་དངུལ་རྩའི་ཐོན་ཁུངས་རོང་འབྲོག་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་དང་ཤུགས་ཞན་སར་བཀོད་སྒྲིག་བྱས། ལོ་འགའི་འབད་བརྩོན་བརྒྱུད། མཚོ་སྔོན་བོད་འབྲེལ་ས་ཁུལ་ཀྱི་རྫོང་ཁོངས་དངུལ་བསྐྱི་བཅོལ་སྡུར་ཚད2015ལོའི་ལོ་མཇུག་གི19.82%ནས42.5%བར་འཕར། འཕར་ཚད་ཆེས་མཐོ་བའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ནི2015ལོའི་ལོ་མཇུག་གི4.25%ནས70.93%བར་འཕར་བ་དང་། བརྒྱ་ཆའི་ཚེག66.68འཕར་ཡོད། 

ཆུ་དམར་ལེབ་རྫོང་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་རྒྱུད་དུ་ཡོད་ཅིང་། 2015ལོ་ནས་བཟུང་། ཀྲུང་གོ་ཞིང་ལས་དངུལ་ཁང་ཆུ་དམར་ལེབ་རྫོང་ཡན་ལག་དངུལ་ཁང་གིས“ཞིང་ཕན་དངུལ་བུནe”སོགས་ཁྱད་ཆོས་ལྡན་པའི་ཡིད་རྟོན་དངུལ་བུན་ཐོན་རྫས་རྒྱ་ཁྱབ་ཏུ་སྤེལ་ཏེ། རྩྭ་ཐང་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། རོང་འབྲོག་པས་ནོར་ལུག་གསོ་སྤེལ་ལ་མ་དངུལ་མཁོ་འདོན་གྱིས་རྒྱབ་སྐྱོར་བྱས་པར་བརྟེན། རོང་འབྲོག་པས་འབབ་འཕར་ཕྱུག་འགྱུར་མངོན་དུ་འགྱུར་བར་སྐུལ་ཁྲིད་བྱས། དངུལ་ཁང་དེའི་དངུལ་བུན་ལྷག་དངུལ2015ལོའི་ལོ་མཇུག་གི་སྒོར་ཁྲི784ནས2020ལོའི་ལོ་མཇུག་གི་སྒོར་དུང་ཕྱུར3.46བར་འཕར་བ་དང་། ལྡབ43གྱི་འཕར་ཚད་མངོན་འགྱུར་བྱས། བཅོལ་དངུལ་དངུལ་བུན་ཁྲོད་ཞིང་དུད་ཐོན་སྐྱེད་གཉེར་སྐྱོང་རང་བཞིན་གྱི་དངུལ་བུན་གྱི་བསྡུར་ཚད53%ལ་སླེབས། 

མཚོ་སྔོན་དངུལ་ཁང་ཉེན་འགོག་ལྟ་རྟོག་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་གསལ་བཤད་ལྟར་ན། 2021ལོར། མཚོ་སྔོན་དངུལ་ཁང་ཉེན་འགོག་ལྟ་རྟོག་དོ་དམ་ཅུས་ཀྱིས་རང་ཞིང་གི་རྫོང་ཁོངས་དངུལ་བསྐྱི་བཅོལ་བསྡུར་ཚད་ཀྱི་ཆ་སྙོམས་ཆུ་ཚད་དང་། བསྐྱི་བཅོལ་བསྡུར་ཚད་མཐོར་འདེགས་བར་སྟོང་། བསྐྱི་བཅོལ་བསྡུར་ཚད་ལྟ་རྟོག་དོ་དམ་ཚད་བསྡུར། རྫོང་ཁོངས་ཀྱི་ནུས་ལྡན་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་བསྐྱི་བཅོལ་བསྡུར་ཚད50%ལས་དམའ་བའི་རྫོང12དང་། བསྐྱི་བཅོལ་བསྡུར་ཚད40%ལས་དམའ་བའི་གཞི་རིམ་དངུལ་ཁང42བདམས་ནས“ཡིད་རྟོན་དངུལ་བུན་ཆད་གསབ”བཟོ་གྲྭའི་བྱེད་སྒོ་སྤེལ་ནས། དངུལ་ཁང་ལས་ཁུངས་ཀྱིས་དངུལ་བསྐྱི་བཅོལ་བསྡུར་ཚད་མཐོར་འདེགས་པའི་འཆར་གཞི་ལུགས་མཐུན་གྱིས་བཟོ་བར་སྔར་ལས་ལྷག་པའི་སྐུལ་ཁྲིད་བྱེད་པ་དང་། ལས་ཁུངས་ཀྱིས་རིམ་བཞིན་ཡིད་རྟོན་དངུལ་བུན་གཏོང་ཚད་འཕེལ་བར་སྐུལ་མ་བྱེད་པ། རྫོང་ཁོངས་ཀྱི་ཡིད་རྟོན་དངུལ་བུན་བཀོད་སྒྲིག་འོས་འཚམ་རང་བཞིན་མཐོར་འདེགས་པ། མ་དངུལ་འཁོར་རྒྱུག་ལ་སྣེ་ཁྲིད་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་སྤེལ་ལ་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་བྱས་ཡོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།