ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་ནུབ་ཁུལ་གྱིས་སྲ་གཟུགས་གད་སྙིགས་ཀྱིས་ཁོར་ཡུག་ལ་འབག་བཙོག་ཐེབས་པ་འགོག་བཅོས་བྱེད་པའི་བཅའ་ཁྲིམས་སྤེལ་བར་ཞིབ་བཤེར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སུམ་ཅུ་ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིའུ་ཐུང་ཏེ་ཡིས་ཁྲིམས་འཛིན་ཚན་ཆུང་ཁྲིད་ནས་སྙན་ཞུར་ཉན་པ་དང་ཡུལ་དངོས་རྟོག་ཞིབ་བྱེད་པ། འདྲི་ཤོག་བརྟག་དཔྱད་སོགས་ཀྱི་རྣམ་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྲ་གཟུགས་གད་སྙིགས་ཀྱིས་ཁོར་ཡུག་ལ་འབག་བཙོག་ཐེབས་པ་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཁྲིམས་འཛིན་ཞིབ་བཤེར་བྱས།

ཁྲིམས་སྐྱོང་ཞིབ་བཤེར་ཚན་ཆུང་སྔ་གཞུག་ཏུ་གཏེར་ལེན་ཁ་དང་ཚྭ་འདམ་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་། ན་གོར་མོ་གྲོང་ཁྱེར་བཅས་སུ་སོང་ནས་མཚོ་ནུབ་ཅིན་ཙིག་ཁོར་ཡུག་སྲུང་སྐྱོབ་ཚན་རྩལ་ཚད་ཡོད་ཀུང་ཟི་དང་ཚྭ་འདམ་ཆེ་བའི་གཏེར་ལས་ཚད་ཡོད་ཀུང་ཟི། ན་གོར་མོ་སྨན་བཅོས་གད་སྙིགས་ཐག་གཅོད་ལྟེ་གནས་སོགས་སུ་ཡུལ་དངོས་ནས་སྲ་གཟུགས་གད་སྙིགས་དང་ཉེན་ཆེའི་གད་སྙིགས། སྨན་བཅོས་གད་སྙིགས་ཀྱི་བསྡུ་བ་དང་ཉར་འཇོག སྐྱེལ་འདྲེན། ཐག་གཅོད་པའི་གནས་ཚུལ་སོགས་ལ་བལྟས་པ་དང་ཡུལ་དངོས་སུ་འདྲི་ཤོག་བརྟག་དཔྱད་བྱས།

ལིའུ་ཐུང་ཏེ་ཡིས་ནན་གྱིས་བསྟན་དོན། ཐེངས་འདིའི་ཁྲིམས་འཛིན་ཞིབ་བཤེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དང་ཁྲིམས་སྐྱོང་དགོངས་པ་དོན་འཁྱོལ་བྱེད་པ་དང་གད་སྙིགས་འགོག་བཅོས་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་དོན་སྙིང་གལ་ཆེན་ལྡན། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལྟ་ཞིབ་དོ་དམ་གྱི་ལས་འགན་ལ་དམ་འཛིན་བྱེད་པ་དང་ཁྱབ་བསྒྲགས་རྒྱ་ཁྱབ་ཏུ་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་དགོས། ཁྲིམས་འཛིན་ཞིབ་བཤེར་བྱས་པ་བརྒྱུད་དེ་གནད་དོན་འཚོལ་བ་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་དགོས་ལ། ཁྲིམས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་སྒོས་ལེགས་བསྒྱུར་གཏོང་དགོས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།