བལ་རྩིད་ལས་བསླས་པའི“བདེ་སྐྱིད་ཀྱི་འཚོ་བ།”

“ཞིང་སྡེ་འབྱོར་ཕྱུག་ལྡན་མིན་དེ་གཙོ་བོ་ཏང་ཀྲི་པུའུ་ལ་རག་ལས་ཤིང་། སྡེ་བ་སྟོབས་ལྡན་ཡིན་མིན་གྱི་འགག་རྩ་ནི་སྣེ་ཁྲིད་མཁན་ལ་རག་ལས་པ་ཡིན་པས། ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་སྣེ་ཁྲིད་མཁན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ལ་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་ཡོང་བར་འབད་དགོས”ཅེས་པའི་སྐད་ཆ་འདི་ནི་དཀོན་མཆོག་ལ་སྦྱར་ནས་བཤད་ན་དངོས་གནས་ཤིན་ཏུ་འཚམ་པ་ཞིག་རེད།

ད་ལོར་ལོ་ན47ལ་བུད་པའི་དཀོན་མཆོག་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་ཙང་གུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་ཞིང་། རང་ས་གནས་ཀྱི་ཕྱུག་འགྱུར་བྱ་བར་མིང་གྲགས་ཅུང་ཟད་ཡོད་པའི་མི་འཇོན་ཐང་ཅན་ཞིག་རེད། ཆུང་ངུའི་དུས་ནས་གནག་ཕྱུགས་འཚོ་སྐྱོང་ལ་བརྟེན་ནས་འཚོ་བ་རོལ་ཞིང་། སྔ་རྗེས་སུ་དབྱར་རྩྭ་དགུན་འབུ་བརྐོས་མྱོང་ལ་ལུག་བལ་ཉོ་འཚོང་བྱས་མྱོང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་བ་ནས་བཟུང་། ཁོས་སྡེ་མི་ཡོངས་ཀྱི་སྣེ་ཁྲིད་དེ་ལག་ཤེས་འཁེལ་འཐག་ཐོན་ལས་འཕེལ་རྒྱས་སུ་བཏང་བས་དབུལ་ཐར་ཕྱུག་འགྱུར་བྱུང་ཞིང་། མངོན་གསལ་གྱི་གྲུབ་འབྲས་ལ་མི་དམངས་མང་ཚོགས་ཀྱིས་དགའ་ལྷང་ལྷང་གིས་བསྟོད་བསྔགས་བྱས། 2019ལོར། དཀོན་མཆོག་ལ“མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་པ་དཔེ་ལེགས་ཅན”གྱིི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། གྲུབ་འབྲས་དེ་གླེང་ཡོང་ཚེ། ཁོས་ཧ་ཅང་ཁེངས་སྐྱུང་གི་སྒོ་ནས་བཤད་རྒྱུར། “ང་ལ་དེ་འདྲའི་ནུས་པ་ཞིག་ག་ལ་ཡོད་དམ། ཐམས་ཅད་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན”ཟེར།

“ཙང་གུ་སྡེ་བ་རུ་ཕལ་ཆེར་ཁྱིམ་ཚང་རེ་རེའི་བུད་མེད་ཚང་མས་བལ་སྐུད་འདི་རིགས་འཁེལ་འཐག་བྱེད་ཤེས་ལ། འཁོར་ཁང་གི་ལས་བཟོ་པ་མང་ཆེ་ཤོས་ནི་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་གི་བུད་མེད་རེེད། ཚོང་ཟོང་མངགས་ཐོ་ཉུང་བའི་སྐབས་སུ། ཁོ་མོ་ཚོས་རང་གི་ཁོམ་ལོང་གི་དུས་ཚོད་བེད་སྤྱད་ནས་བལ་སྐུད་ཁ་ཤས་བསླེས་ནས་སྐྱེལ་འོང་ཞིང་། དངོས་པོ་དེ་རིགས་ཀྱི་རིན་གོང་བདེ་ནའང་སྤྱོད་རྒྱ་ཤིན་ཏུ་ཆེ་བར་མ་ཟད། ས་ཆ་གཞན་གྱི་ཡུལ་སྐོར་པས་ཀྱང་ཤིན་ཏུ་དགའ་བོ་བྱེད་ཀྱིན་ཡོད། ”

བལ་རྩིད་བསླས་པ་ལས་མང་ཚོགས་ལ་བསྐྲུན་པའི་ཕན་འབྲས་ནི་དེ་ཙམ་གྱིས་མི་ཚད་དེ། དཀོན་མཆོག་གིས་གཉེར་བའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་བཤམས་སྟོན་ཁང་དུ་སོང་བ་ན། གྱང་ངོས་སུ་ཆེ་ཆུང་མི་འདྲ་བ་དང་ཚོན་མདངས་མི་འདྲ་བའི་བོད་གྲུམ་སྣ་ཚོགས་བཤམས་ཡོད་ཅིང་། དེ་མིན་བཤམས་སྒྲོམ་དུ་བཞག་པའི་སྤུས་ལེགས་ཀྱི་ཀོ་ཁུག་དག་གིས་མིག་དབང་ཅིག་ཅར་དུ་འདྲེན་པར་བྱེད།

“ཀུང་སི་ལ་ད་སྐབས་འགེལ་རུམ་དང་། ས་གདན། སྒམ་ཁུག་སོགས་ཐོན་རྫས་སྣ་ཁ20ལྷག་ཡོད་པ་དང་། ན་ནིང་གི་ཕྱིར་འཚོང་ཚད་སྒོར་ཁྲི80ལས་བརྒལ་ཡོད། གལ་སྲིད་ཏང་དང་སྲིད་གཞུང་གི་རོགས་སྐྱོར་མེད་ཚེ་ང་ཚོར་འདི་ལྟ་བུའི་ཕན་འབྲས་ཐོན་རྒྱུ་ཁག་པོ་རེད།”ཅེས་བཤད། དཀོན་མཆོག་གིས་བཤད་རྒྱུར། ལོ་ཁ་ཤས་ཀྱི་སྔོན་ལ། ཁོས་སྡེ་མི་ཁ་ཤས་ཁྲིད་དེ་སི་ཁྲོན་དང་བོད་ལྗོངས་སུ་གླ་བྱེད་དུ་སོང་མོད། འོན་ཀྱང་ཕན་འབྲས་ཆེན་པོ་འཐོབ་མ་ཐུབ་ཟེར། རྗེས་སུ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྤྱིའི་བོད་གྲུམ་འགྲེམས་ཚོགས་སྟེང་དུ། ཁོས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་བརྟེན་ན་དབུལ་ཐར་ཕྱུག་འགྱུར་ཡོང་ཐུབ་པའི་རེ་བ་མཐོང་བས། ཕྱིར་ཕ་ཡུལ་དུ་ལོག་སྟེ་གསར་གཏོད་ལས་སྐྲུན་བྱ་རྒྱུའི་སེམས་ཐག་བཅད།

2012ལོར། དཀོན་མཆོག་གིས་རང་གི་གཉེན་ཉེ་དང་གྲོགས་པོ་ཚོའི་རོགས་རམ་ལ་བརྟེན་ནས་གང་ཐུབ་ཅི་ཐུབ་ཀྱིས་རྨ་ཆེན་རྫོང་དུ་བོད་རུམ་ལས་སྣོན་བཟོ་གྲྭ་དང་པོ་དེ་བཙུགས། ལོ་འགའི་རིང་ལ། ཁོ་རང་ཐེངས་མང་དུ་ཁུལ་དང་རྫོང་གི་རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་དང་འགྲོགས་ནས་ཧྲང་ཧའེ་སོགས་སུ་སོང་སྟེ་མགོ་ལོག་གི་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་ཚོགས་འདུའི་ནང་ཞུགས་པས། བཟོ་དབྱིབས་མཛེས་ཤིང་སྤུས་ལེགས་པའི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་རེ་རེར་ས་གནས་དེ་གའི་འཛད་སྤྱོད་པའི་གདེང་འཇོག་བཟང་པོ་ཐོབ་པར་མ་ཟད། ད་དུང“བཟོ་ཁང་ཆུང་ངུའི”ཐོན་སྐྱེད་ཀྱི་གཞི་ཁྱོན་ཡང་དེ་དང་བསྟུན་ནས་ཆེ་རུ་ཕྱིན།

དཀོན་མཆོག་གིས་བཤད་པ་ཅི་མ་བདེན། རྨ་ཆེན་རྫོང་དུ་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་། གནའ་སྔ་མོ་ནས་བཟུང་བོད་གྲུམ་འཁེལ་འཐག་དང་བལ་འཁེལ་བསླེས་ཀྱི་ལོ་རྒྱུས་ཀྱང་ཡོད། ཉེ་བའི་ལོ་འགའི་རིང་ལ། རྫོང་དེས་མཚོ་སྔོན་གྱི་བོད་གྲུམ་རྒྱལ་སྤྱིའི་འགྲེམས་ཚོགས་དང་ཧྲང་ཧའེ་ཡི་ཁ་གཏད་རོགས་སྐྱོར་སོགས་ཀྱི་གོ་སྐབས་བཟང་པོ་དག་དམ་འཛིན་གྱིས། སྔར་ལས་ལྷག་པར་ཚོང་དང་མ་རྩ་འགུག་འདྲེན་གྱི་ཤུགས་ཚད་ཆེ་རུ་བཏང་སྟེ། མི་རིགས་ལག་ཤེས་བཟོ་རྩལ་གྱི་ཐོན་ལས་གཞི་རྒྱ་ཆེ་ཞིང་སྟོབས་ལྡན་དུ་གཏོང་བར་སྐུལ་འདེད་བཏང་ཡོད། ད་ལྟ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་དེ་དག་ཉིན་རེ་བཞིན་འབྲོག་པའི་ཁྱིམ་ཚང་གི་ཡོང་འབབ་འཕར་སྣོན་བྱེད་པའི་ཐབས་ལམ་གལ་ཆེན་དུ་གྱུར་ཡོད།

2016ལོར། ཙང་གུ་སྡེ་བས་ཁྱིམ་རེར་དབུལ་སྐྱོར་ཐོན་ལས་མ་དངུལ་བགོ་འགྲེམ་བྱས་རྗེས། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་སྡེ་མི་རྣམས་རྩ་འཛུགས་བྱས་ཏེ་ཚོགས་ཆེན་འཚོགས་པ་དང་། དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་འབྱུང་བའི་གནད་དོན་ལ་མཉམ་དུ་གྲོས་བསྡུར་བྱས། མཇུག་མཐར། སྡེ་བ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང58ཀྱི་མི123གྱིས་གཅིག་གྱུར་སྒོས་ཐག་བཅད་དེ་མ་དངུལ་དེ་དཀོན་མཆོག་གི་བོད་གྲུམ་ལས་སྣོན་བཟོ་གྲྭར་མ་རྐང་དུ་འཇོག་རྒྱུ་བྱས་ཤིང་། མ་རྐང་ནང་ཞུགས་ནས་ཁེ་སྤོགས་བགོས་པ་དེས་བསྡོམས་པས་སྒོར་ཁྲི77.4ཟིན་ཡོད་པ་རེད།

ཙང་གུ་སྡེ་བ་ནི་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་དུ་ཡོད་ཅིང་། སྡེ་བ་ཡོངས་ལ་ཁྱིམ་ཚང309དང་མི1123ཡོད་པ་དང་། དེ་ནི་དཔེ་མཚོན་ལྡན་པའི་འབྲོག་ལས་ཀྱི་སྡེ་བ་ཞིག་རེད། སྡེ་མི་རྣམས་ཀྱིས་གཙོ་བོ་ཕྱི་རོལ་ཏུ་ཞོར་ལས་ལ་སོང་ནས་ཡོང་སྒོ་འཚོལ་བཞིན་ཡོད། དབུལ་ཕོངས་མང་ཚོགས་དེ་ལས་མང་པོ་དབུལ་ཐར་འབྱུང་བར་རོགས་རམ་བྱེད་ཆེད། དཀོན་མཆོག་གིས་ཐོན་སྐྱེད་འཁོར་ཁང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་དུས་མཉམ་དུ། ཁྱིམ་ཚང་དབུལ་པོའི་བུད་མེད་རྣམས་བཟོ་གྲྭའི་ནང་སྡུད་ལེན་བྱས་ནས་མུ་མཐུད་དུ་ཡོང་སྒོ་འཚོལ་དུ་བཅུག་པར་མ་ཟད། མ་དངུལ་བཏང་ནས་ཟི་ལིང་གྲོང་ཁྱེར་མཁར་ལྷོའི་ཁུལ་གསར་གྱི་བོད་གྲུམ་ཐོན་སྐྱེད་ཁེ་ལས་སུ་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ཏེ་ཁོ་ཚོར་འཁེལ་འཐག་ལག་རྩལ་གྱི་ཤེས་བྱ་སྦྱང་དུ་བཅུག

དབུལ་ཁྱིམ་ལྕགས་མོ་མཚོ་ཚང་ལ་བཟའ་མི་གསུམ་ཡོད་ཅིང་། སྔོན་ཆད་ཁྱིམ་མི་གང་བོས་སྤྱི་ཆིང26ལས་མེད་པའི་རྩྭ་ས་དང་ཁ་གྲངས་མང་རྒྱུ་མེད་པའི་ནོར་ལུག་འགའ་ལ་བརྟེན་ནས་འཚོ་ཐབས་བྱས་ཡོད་མོད། འོན་ཀྱང་ད་ལྟ་ཁོ་མོ་བོད་གྲུམ་འཐག་པའི་བཟོ་བ་བྱང་མ་ཞིག་ཏུ་གྱུར་ཡོད། ལྕགས་མོ་མཚོ་ནི་དེ་གར་ལོ་གཉིས་ལས་འགོར་མེད། ལག་རྩལ་རྒྱུན་ཆད་མེད་པར་ནང་བྱན་ཆུབ་པ་དང་བསྟུན་ནས། ད་སྐབས་ཟླ་རེར་གླ་ཕོགས་སྒོར5000ལེན་བཞིན་ཡོད་པར་མ་ཟད། ད་དུང་ཕྱུགས་ལས་ཀྱི་ཡོང་སྒོ་དང་དུས་བཅད་ལྟར་མ་རྐང་ནང་ཞུགས་ཏེ་ཁེ་སྤོགས་བགོ་བཤའ་བྱེད་ཀྱིན་ཡོད་པས། འཚོ་བའི་ཆུ་ཚད་ཀྱང་ཡར་ངོའི་ཟླ་ལྟར་འཕེལ།

ཡིན་ནའང་། འཚེམ་དྲུབ་འཁོར་ཁང་དུ་ལྕགས་མོ་མཚོ་ནི་ཡོང་འབབ་མཐོ་ཤོས་རེག་མཁན་དེ་མིན་པར། “ཁྱོད་ཀྱིས་ལྟོས་དང་། ཕུར་བ་ནི་ང་ཚོའི་འདི་ནས་སྒོར་མོ་ཡོད་མཁན་རེད” འཕྲུལ་ཆས་ཀྱི་ལྷུ་ལག་སྒྲིག་བཞིན་པའི་བོད་རིགས་ཕོ་གསར་ཞིག་གིས་གཞན་གྱིས་རང་ལ་དེ་ལྟར་བཤད་པའི་སྐད་ཆ་ཐོས་འཕྲལ་འཛུམ་དམུལ་དམུལ་གྱིས་དགོད་ཙམ་བྱས།

“དངོས་གནས་དེ་ལྟར་རེད། འཁོར་ཁང་ཧྲིལ་པོའི་ནང་དུ་ཕུར་བའི་ཡོང་སྒོ་ནི་ཆེས་མཐོ་བ་རེད། ཟླ་རེའི་གླ་ཕོགས་དམངས་སྒོར་ཁྲི་ཚོ་ལས་བརྒལ་ཡོད”ཅེས་དཀོན་མཆོག་གིས་དེ་ལྟར་མཚམས་སྦྱོར་བྱས། བོད་གྲུམ་འཚེམ་དྲུབ་ལག་རྩལ་གྱི་དཀའ་ཁག་ཆེས་ཆེ་བ་ནི་འཁེལ་འཐག་འཚེམ་དྲུབ་ཁབ་མགོ་ཡིན་ཞིང་། དེའི་གནད་འགག་ནི་འཚེམ་གྲུབ་ཁབ་ལ་རག་ལས་ཡོད། ཚོང་ཟོང་མངགས་ཐོ་མང་བའི་སྐབས་སུ། འཚེམ་དྲུབ་ཁབ་མགོ་ལ་དུས་རྒྱུན་ཆག་སྐྱོན་འབྱུང་སླ་སྟེ། སྔོན་ཆད་རྒྱུན་དུ་ཟི་ལིང་ལ་ཁྱེར་ནས་ཞིག་གསོ་བྱེད་དགོས་ཤིང་། མ་གོང་མཐོ་བའི་ཁར་ད་དུང་ལས་ཀའི་དུས་ཚོད་ལའང་དལ་འགོར་བྱེད་པའི་རྐྱེན་གྱིས། ཀུང་སིས་ཕུར་བ་ཆེད་དུ་ས་ཆ་གཞན་ལ་ལོ་གཅིག་རིང་འཚེམ་དྲུབ་ཁབ་ཞིག་གསོ་བྱེད་པའི་ལག་རྩལ་སློབ་ཏུ་མངགས་པར་མ་ཟད། ཆུ་མ་ཡོང་གོང་གི་རགས་ལྟར་འཚེམ་དྲུབ་ཁབ15ཉོས་ནའང་སྔར་བཞིན་མི་འདང་བའི་སྣང་ཚུལ་མངོན།

“ལག་ཤེས་འཁེལ་འཐག་ལག་རྩལ་གྱིས་ང་ཚོར་དཔལ་འབྱོར་གྱི་ཁེ་ཕན་བསྩལ་ཡོང་བས་མི་ཚད། དབུལ་ཁྱིམ་གྱི་ལས་ཞུགས་ལ་སྐུལ་འདེད་ཐེབས་ཏེ། ཁོ་ཚོར་ཡོང་འབབ་ཆེན་པོ་རེག་ཏུ་བཅུག མིག་སྔའི་བར་དུ། ཀུང་སིས་སྔ་ཕྱི་རིམ་རྩིས་ཤིག་བརྒྱབ་ན། དབུལ་ཁྱིམ་ལ་ཐོབ་པའི་ཡོང་འབབ་བགོ་བཤས་སྒོར་ཁྲི9.87ཟིན་ཡོད། རྗེས་མར། ང་ཚོས་ད་དུང་ཐོན་སྐྱེད་གཞི་ཁྱོན་ཆེ་རུ་རྒྱ་བསྐྱེད་ནས། དེ་ལས་མང་བའི་མི་མང་པོ་ཞིག་གི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས།”

གསར་འགོད་པས་ཐོན་ལས་སྐྱེད་སྲིང་ར་བ་ནས། ས་གནས་དེ་གའི་རོང་འབྲོག་པའི་མཉམ་ལས་ཁང་གང་མང་ཞིག་གིས་འཁེལ་འཐག་ལས་གཞི་སྐྱེད་སྲིང་གླིང་དུ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་དང་གསར་བཟོ་བྱེད་བཞིན་པ་མཐོང་བྱུང་། དཀོན་མཆོག་གི་ཆུང་མ་བཙུན་ཐར་སྐྱིད་ཀྱིས་ཉེ་མཚེས་ཀྱི་ཚོང་པ་དག་དང་སྤྲོ་སེམས་འཁོལ་བའི་ངང་ཁ་བརྡ་བྱེད་བཞིན་ཡོད་ཅིང་། ཁྱིམ་མཚེས་གཡས་གཡོན་གྱི་འབྲེལ་བ་ཡང་ཧ་ཅང་བཟང་། མོས་འཛུམ་དགོད་སྟོན་བཞིན་དུ་བཤད་རྒྱུར། “ངེད་ཚོའི་བར་དུ་ངན་སེམས་ཀྱི་འགྲན་རྩོད་གང་ཡང་མེད་ལ། དེ་ལས་ལྡོག་སྟེ་ཕན་ཚུན་བར་རོགས་རམ་བྱེད་པ་ཡིན། སུ་ཚང་ལ་རྒྱུ་ཆ་དང་ལག་རོགས་ཀྱིས་མི་འདང་བ་སོགས་ཅི་བྱུང་ཡང་ཕན་ཚུན་ལ་རང་འགུལ་གྱིས་རོགས་བྱེད་ངེས་ཡིན”ཞེས་བཤད།

དབུལ་སྐྱོར་ཐོན་ལས་སྐྱེད་སྲིང་གླིང་ལ་བརྟེན་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་གཅིག་སྡུད་བྱས་ཏེ། དབུལ་སྐྱོར་སྐུལ་ཁྲིད་ཀྱི་ཕན་འབྲས་སྔར་བས་ལེགས་པར་འདོན་སྤེལ་བྱེད། འདི་ནི་རྨ་ཆེན་རྫོང་གིས་དབུལ་ཐར་འགག་སྒྲོལ་བྱེད་པའི་བཀོད་སྒྲིག་ནང་གི་གསར་གཏོད་ཅིག་རེད།

རྨ་ཆེན་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། འཁེལ་འཐག་ལག་ཤེས་སྐྱེད་སྲིང་གླིང་བསྐྲུན་པའི་ཚུན་དུ། ཁེ་ལས33དང་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་དེའི་ནང་དུ་ཞུགས་ཡོད་ཅིང་། ཐོན་རྫས་ལ་མི་རིགས་ཀྱི་རྒྱན་གོས་དང་། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་སྐོར། སྨན་རྒྱུ་ལས་སྣོན། ས་གནས་ཀྱི་ཁྱད་ཐོན་དངོས་རྫས་འགྲེམ་འཚོང་། ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་སོགས་འདུས་ཡོད། ཁེ་ལས་དེ་དག་གིས་ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད་ནས། རྫོང་ཡོངས་ཀྱི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང1397ལས་ཞུགས་ཐུབ་པར་སྐུལ་འདེད་ནུས་ལྡན་བྱས་ཡོད་ཅིང་། སྣེ་ཁྲིད་པའི་དཔེ་སྟོན་གྱི་སྐུལ་ཁྲིད་འོག་ཏུ། དེ་སྔའི་རོང་འབྲོག་མང་ཚོགས་ཀྱིས་མིག་རྒྱང་རིང་པོའི་སྒོ་ནས་སྤུས་ཚད་དེ་བས་མཐོ་བའི་འཚོ་བ་སྐྱིད་པོ་དོན་གཉེར་དང་རེ་སྙེག་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།