ཐང་ཝན་ཧྥེང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གླེང་བ།

“ལྔ་བཅུ་གསུམ”གྱི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་དོན་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། “ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་ལག་ལེན་དང་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་པས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་འཕེལ་རྒྱས་གསར་པ་བྱུང་སྟེ་ཐོད་བརྒལ་གསར་པ་མངོན་འགྱུར་བྱུང་།

2021ལོ་ནི“ལྔ་བཅུ་བཞི”མགོ་རྩོམ་པའི་ལོ་ཡིན་པས། མཚོ་སྔོན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇི་ལྟར་མངོན་འགྱུར་བྱ་རྒྱུའི་ཕྱོགས་ནས། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་ཐང་ཝན་ཧྥེང་ལ་བཅར་འདྲི་བྱས་ཡོད།

གསར་འགོད་པ། ཁྱེད་ཀྱིས “ལྔ་བཅུ་གསུམ”སྐབས་སུ་རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་གང་དག་ཡོད་པའི་སྐོར་ནས་བརྗོད་རོགས།

ཐང་ཝན་ཧྥེང་། “ལྔ་བཅུ་གསུམ”གྱི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏན་ཏན་ཏིག་ཏིག་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས་པ”ཡི་བླང་བྱ་གལ་ཆེན་ཡིད་ལ་དམ་པོར་བཟུང་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་བློ་ཐག་རྦད་ཆོད་ཀྱིས་ཕྲག་ཏུ་བླངས་པ་ཡིན།

ལོ་ལྔའི་རིང་ལ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་དོད་པོ་བླངས། “ལྔ་བཅུ་གསུམ”འཆར་འགོད་ཀྱིས་གཏན་ལ་ཕབ་པའི་ཕྱོགས6དང་གཙོ་གནད་ལས་འགན23དང་ཚད་བཀག་རང་བཞིན་གྱི་ཚད་གཞི11བཅས་ལོ་གཅིག་གི་སྔོན་ལ་ཡོངས་འགྲུབ་བྱས། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གཉིས་ཀྱིས་བརྡ་ཁྱབ་བཏང་བའི2019ལོའི་རྒྱལ་ཡོངས་སྦགས་བཙོག་འགོག་བཅོས་འགག་སྒྲོལ་དམག་འཐབ་གྲུབ་འབྲས་དཔྱད་དཔོག་མཇུག་འབྲས་ཁྲོད་རང་ཞིང་ནི་ཕུལ་བྱུང་དུ་བདམས་ཡོད།མཁའ་རླུང་ཆེན་མོའི་སྦགས་བཙོག་འགོག་བཅོས་སྟེང་། རང་ཞིང་ནི་རྒྱལ་ཁབ་ཀྱི་དུས་མཇུག་དཔྱད་དཔོག་ལས་ནུབ་བྱང་ས་ཁུལ་གྱི་ཕུལ་བྱུང་ཞིང་ཆེན་གཅིག་པུ་ཡིན། 2020ལོར། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གི་མཁའ་དབུགས་སྤུས་ཀ་ཡག་པའི་ཉིན་གྲངས་ཀྱི་བསྡུར་ཚད་ཆ་སྙོམས་ཀྱིས97.2%ཡིན་པ་དེ་ན་ནིང་གི་དུས་མཉམ་ལས1.1%འཕར་བ་དང་། ཟི་ལིང་གྲོང་ཁྱེར་གྱི་མཁའ་དབུགས་སྤུས་ཀ་བསྟུད་མར་ལོ་ལྔའི་རིང་ལ་ནུབ་བྱང་གི་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས། ཆུའི་སྦགས་བཙོག་འགོག་བཅོས་སྟེང་། 2016ལོ་ནས2018ལོའི་བར་ལ། རྒྱལ་ཁབ་ཀྱིས་རང་ཞིང་ལ་དཔྱད་དཔོག་བྱས་པའི་མཇུག་འབྲས་ཆ་སྙོམས་ཀྱིས་ལེགས་གྲས་ཡན་དུ་སླེབས་པ་དང་། 2019ལོར་རྒྱལ་ཡོངས་ཀྱི་དཔྱད་དཔོག་ཁྲོད་ཕུལ་བྱུང་དུ་བདམས། 2020ལོར། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱིས་དཔྱད་དཔོག་བྱས་པའི་ཆུའི་བཅད་ངོས19ཡི་སྤུས་ཚད་ལེགས་པོ་ཡིན་པའི་བསྡུར་ཚད100%ལ་སླེབས་ཤིང་། གཙང་པོ་དང་མཚེའུ་གཙོ་བོའི་བྱེད་ནུས་ཁུལ་གྱི་ཆུའི་སྤུས་ཚད་ཚད་ཐིག་ཏུ་ལོངས་ཚད100%ལ་སླེབས། རྫོང་རིམ་པ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་སྤྱིའི་ཆ་ནས་ལེགས་པོ་འདུག སྦགས་བཙོག་ཉུང་གཏོང་ཐད། སྦགས་བཙོག་དངོས་པོའི་སྤྱིའི་གྲངས་ཀ་ཉུང་གཏོང་གི་ལས་འགན་ལོ་གཅིག་གི་སྔོན་ལ“ལྔ་བཅུ་གསུམ”གྱི་དམིགས་ཚད་གྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁོར་ཡུག་གི་ཤོང་ཚད་དང་བར་སྟོང་བསྐྱུར་བ་རེད།

གསར་འགོད་པ། ཁྱེད་ཀྱིས “ལྔ་བཅུ་བཞི”ཡི་དུས་སྐབས་ནང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་འབྱུང་བར་ཇི་ལྟར་སྐུལ་འདེད་གཏོང་རྒྱུ།

ཐང་ཝན་ཧྥེང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་བཅས་ནན་ཏན་གྱིས་སློབ་སྦྱོང་དང་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་ཏན་ཏིག་ངང་ལེགས་སྒྲུབ་བྱ་རྒྱུ་ཡིན། ང་ཚོས་མཚོ་སྔོན་གྱིས་དེང་རབས་ཅན་འཛུགས་སྐྲུན་གྱི་ལམ་བུ་གསར་པ་མགོ་རྩོམ་པའི་སྤྱིའི་བཀོད་སྒྲིག་དང“ལྔ་བཅུ་བཞི”ཡི་འཕེལ་རྒྱས་དམིགས་ཚད་ལ་དམ་པོར་དམིགས་ནས། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་གིས་སྣེ་དྲངས་ཏེ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་།དེང་རབས་སྐྱེ་ཁམས་དཔལ་འབྱོར་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ལ་གཞིགས་ཏེ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱ་རྒྱུ་དེ་སྲོག་ཤིང་དུ་བཟུང་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་ལ། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་ཟབ་ཞུགས་བྱས་ཏེ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་བཅོས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སྦགས་བཙོག་འགོག་བཅོས་འགག་སྒྲོལ་དམག་འཐབ་གཏིང་ཟབ་ཏུ་བརྒྱབ་ནས། བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོས་ཏེ། མི་དམངས་མང་ཚོགས་ཀྱི་ཉིན་རེར་རྒྱས་བཞིན་པའི་མཛེས་སྡུག་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་མུ་མཐུད་དུ་བསྐང་རྒྱུ་ཡིན།

བྱ་བའི་ཁྲོད་ནུས་ཤུགས་གང་ཡོད་ཀྱིས “14567”གྱི་བྱེ་བྲག་གི་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་ཡིན་ཏེ། “1”ནི“སྐྱེ་ཁམས་ཁོར་ཡུག་ལ་སྤུས་ཚད་མཐོ་བའི་སྲུང་སྐྱོབ་བྱ་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་གཉིས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ”དེ་གཙོ་ཐིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། “4”ནི“རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ལེགས་པོར་བསྲུང་བ་དང་། སྦགས་བཙོག་འགོག་བཅོས་འགག་སྒྲོལ་དམག་འཐབ་གཏིང་ཟབ་ཏུ་རྒྱག་པ། ལྗང་མདོག་གི་འཕེལ་རྒྱས་འགྲོ་སྟངས་ཇེ་ལེགས་སུ་གཏོང་བ། སྒྲིག་སྲོལ་ནང་རྐྱེན་གསར་སྐྲུན་དང་བཅོས་སྐྱོང་བྱེད་པ”བཅས་གཙོ་གནད་བཞི་འབུར་དུ་ཐོན་པར་བྱེད་པ་ལ་ཟེར་ཞིང་། “5”ནི“ལྗང་མདོག་འཕེལ་རྒྱས་དང་། ཁོར་ཡུག་སྤུས་ཀའི་ཉེན་ཁ་འགོག་སྲུང་། ནང་རྐྱེན་གསར་སྐྲུན། ས་ཁོངས་མཉམ་ལས”བཅས་ཐབས་ལམ་ལྔ་ཇེ་དྲག་ཏུ་གཏོང་བ་ལ་ཟེར་ཞིང་། “6”ནི“ལྗང་མདོག་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོབ། སྦགས་བཙོག་བཅོས་སྐྱོང་། ཉེན་ཁ་འགོག་སྲུང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་བཅོས། མ་ལག་འཐུས་ཚང་གཏོང་བ”བཅས་བྱེད་ཐབས་དྲུག་དོན་འཁྱོལ་བྱེད་པ་ལ་ཟེར། “7” ནི“སྐྱེ་ཁམས་བྱེད་ནུས་དང་། འགག་སྒྲོལ་དམིགས་ཚད། ཐབས་ལམ་རྒྱ་བསྐྱེད། བཙོག་བཅོས་བྱེད་སྟངས། སྲིད་ཇུས་ཐབས་ལམ། ཚན་རྩལ་གཞོགས་འདེགས། མ་ལག་བཅོས་སྐྱོང”བཅས་རིམ་སྤར་བདུན་མངོན་འགྱུར་འབྱུང་དགོས་པ་ལ་ཟེར། 2025ལོར་སླེབས་དུས། ཁོར་ཡུག་གི་ཉེན་ཁར་ཁྱོན་ཡོངས་ནས་དོ་དམ་དང་ཚོད་འཛིན་བྱ་ཐུབ་ལ། སྦགས་བཙོག་དངོས་པོ་གཙོ་བོ་གཏོང་ཚད་ཀྱི་སྤྱིའི་གྲངས་ཀ་དེ་མུ་མཐུད་དུ་ཇེ་ཉུང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་བསྒྱུར་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ལྗང་མདོག་ཏུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན།

གསར་འགོད་པ། ཁྱེད་ཀྱིས2021ལོར་རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་དམིགས་འབེན་གཙོ་བོ་དང་འཆར་གཞི་གླེང་རོགས་ཞུ།

ཐང་ཝན་ཧྥེང་། 2021ལོར། ཐོག་མར་གཏན་ལ་ཕབ་པའི་དམིགས་འབེན་དང་དམིགས་ཚད་གཙོ་བོ་ནི། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཀ་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད88%ཡན་ལ་བསླེབ་པ་དང་། འབྲི་ཆུ་དང་། རྨ་ཆུའི་ཆུ་ལག རྫ་ཆུ་བཅས་ཀྱི་ཆུ་སྤུས་རིགསⅡཀྱི་ཡན་དང་། རྒྱལ་ཁབ་ཀྱི་ཚོད་འཛིན་ལ་ཚུད་པའི་ས་ངོས་ཆུའི་བཅད་ངོས་ཆུ་སྤུས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད91%ཡན་དང་། ཙོང་ཆུ་ཞིང་ཆེན་གཞན་ལ་བརྒལ་བའི་བཅད་ངོས་ཆུ་སྤུས་རིགསⅢལ་སླེབས་པ། བཙོག་འབུད་དང་ཐཱན་ཉུང་གཏོང་གི་ཚད་དེ་རྒྱལ་ཁབ་ཀྱི་གཏན་ཕབ་དམིགས་འབེན་ནང་ཚུན་ལ་བསླེབ་ཏུ་འཇུག་རྒྱུ་ཡིན།

བྱེ་བྲག་གི་བྱ་བའི་ཁྲོད། ང་ཚོས་ཁ་ཕྱོགས་མི་འགྱུར་བ་དང་། སྟོབས་ཤུགས་མི་འཕྲི་བ་རྒྱུན་འཁྱོངས་བྱས་ཏེ། གནད་ཁེལ་བཙོག་བཅོས་དང་། ཚན་རིག་ལྟར་བཙོག་བཅོས། ཁྲིམས་ལྟར་བཙོག་བཅོས་བཅས་འབུར་དུ་ཐོན་པར་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་ཏུ་བརྒྱག་རྒྱུ་ཡིན།

ང་ཚོས་ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་སྐོར་ཐེངས་གཉིས་ཀྱི་གནད་དོན་དག་ཐེར་བཅོས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱུ་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་གནོད་ཐེབས་སྐྱིན་ཚབ་དང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་བཅོས་བསྒྱུར་གཏིང་ཟབ་ཏུ་སྐུལ་འདེད་གཏོང་རྒྱུ་ཡིན་པ།རང་བྱུང་སྲུང་སྐྱོབ་བྱེད་སའི་ལྟ་སྐུལ་སོགས་ཆེད་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་ནས། ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ། “མཚོ་སྔོན་པོར་སྲུང་སྐྱོབ་བྱ། ང་ནི་དང་བླངས་པ་ཡིན།”ཞེས་པའི་ཁོར་སྲུང་སྤྱི་ཕན་དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས། 2021ལོའི་དྲུག་ལྔའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་རང་སའི་བྱ་འགུལ་ནུས་ཤུགས་གང་ཡོད་ཀྱིས་བསྒྲུབས་ཏེ། སྤྱི་ཚོགས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་ཆུ་ཚད་ཧུར་ཐག་སྒོས་ཇེ་མཐོར་གཏོང་རྒྱུ་ཡིན། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།