རྫི་བོ་ཞིག་གི་བློ་སྦྱོང་།

མི་ལོ26གི་རིང་ལ་རྒྱུན་ཆད་མེད་པར་གནོད་ཐེབས་ས་ཁུལ་དང་སློབ་མ། དབུལ་ཕོངས་རོང་འབྲོག་མང་ཚོགས་སོགས་ལ་ཧ་ལམ་ནོར70དང་ལུག670ཞལ་འདེབས་ཕུལ། ང་ཚོ་མི་ཕལ་བ་ཞིག་གིས་ཧི་ནན་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཞང་ཀ་ཆེན་སྡེ་བའི་ལོ་ན་བདུན་ཅུར་ཉེ་བའི་འབྲོག་མི་བསོད་ནམས་ཀྱི་བྱ་སྤྱོད་འདི་མཐོང་དུས། འདི་ལྟའི་དྲི་བ་ཞིག་ཅིས་ཀྱང་འདྲི་ངེས་ཏེ། ཁོ་ནི་ཁྱིམ་བཟའ་ཚང་སྐྱོང་བའི་ཕྱུགས་རྫི་དཀྱུས་མ་ཞིག་ཡིན་པས། རང་ཉིད་ཀྱིས་དཀའ་སྤྱད་སྡུག་རུས་ངང་བསགས་པའི་རྒྱུ་ནོར་དེ་གཞན་ལ་རིན་མེད་དུ་འབུལ་དོན་ཅི་ཡིན་ནམ་ཞེས་པ་དེ་རེད།

ཟླ4པའི་ཚེས10ཉིན། དཔྱིད་ཀྱི་ཁ་བ་རྡོག་པས་མནན་ཏེ་གསེར་ལུང་ཞང་གི་བསོད་ནམས་ཚང་ལ་འབྱོར་དུས། མིག་མདུན་དུ་ལྷགས་འོངས་པ་ནི་ཐབས་ཆག་རྙིང་རལ་གྱི་ཁང་པ་གྱན་འགའ་དང་འབོལ་ཁྲི། ཅོག་ཙེ། ལྕགས་ཐབ་སོགས་འབྲོག་ཁུལ་ནས་རྒྱུན་དུ་མཐོང་བའི་ཁྱིམ་ཆས་སྐོར་ཞིག་ལས་གཞན། གྱང་ངོས་ཧྲིལ་པོ་ཞིག་ཁེབས་པའི་བྱ་དགའ་དང་གཟེངས་རྟགས་རྣམས་ནི་དེ་ལྟར་གསལ་ལྷང་ངེར་མིག་ལ་འཚེར་ཡོང་།

བསོད་ནམས་ཀྱི་གཟུགས་བོངས་ཆེ་རྒྱུ་མེད་ལ། ནག་ཅིང་སྐམ་རིད་དུ་གྱུར་པའི་གདོང་ལ་གཉེར་རིས་ཟབ་མོས་ཁེངས་ཤིང་། མིག་ཀོང་རྡིབ་ཡོད་པའི་ཁར། སྐེད་པ་ཡང་ཅུང་ཟད་སྒུར་འདུག ཁ་བརྡ་བྱེད་ཡོང་དུས་དགོད་གཏམ་སྣ་ཚོགས་བཤད་པ་དང་། ཕར་བལྟས་ཚོད་ཀྱིས་རྩྭ་ཐང་གི་རྒན་པ་རྣམས་དང་འདྲ་བར་མི་དཀྱུས་མ་ཞིག་ཏུ་མཐོང་མོད། འོན་ཀྱང་རྒད་པོ་དཀྱུས་མ་དེ་ནི་དེ་འདྲའི་དཀྱུས་མ་ཞིག་མ་ཡིན་ཏེ། ཁོ་ནི་སོག་པོའི་རྩྭ་ཐང་གི་མི་རྣམས་ཀྱིས་བསྔགས་པའི“ལེ་ཧྥེང་གསོན་པོ”རེད།

1953ལོར། བསོད་ནམས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཞང་གི་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐྱེས་ཤིང་། ཡངས་ཤིང་རྒྱ་ཆེ་བའི་ཕྱུགས་ར་དེ་རུ། ཁོས་རང་གི་ཚེ་གང་བོ་སྤྱད་ནས་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་ཤིག་བྲིས་པ་སྟེ། 2005ལོར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་པའི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། 2010ལོར་མཚོ་སྔོན་ཞིང་ཆེན་གྱིས“ཡུས་ཧྲུའུ་འགུལ་འགོག་རྒུད་སྐྱོབ་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་གཟི་བརྗིད་མཚན་སྙན་གནང་ལ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས“འགུལ་འགོག་རྒུད་སྐྱོབ་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་གནང་། 2011ལོར་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས“ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་གནང་། 2014ལོར“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་ལེགས་མི་སྒེར”ལ་བདམས་པ་དང་། 2016ལོར་བསོད་ནམས་ཚང“སྐབས་དང་པོའི་རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང”ལ་བདམས། 2018ལོར་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས“རྒྱལ་ཡོངས་ཀྱི་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔེ་དམག”ལ་བདམས།

ཧི་ནན་རྩྭ་ཐང་དུ། འབྲོག་པ་རེ་རེའི་ཁ་ན་བསོད་ནམས་དང་འབྲེལ་བའི་གཏམ་རྒྱུད་རེ་གཉིས་བཤད་རྒྱུ་ཡོད་དེ། 2003ལོར། ཁོས་སྡེ་བའི་ཁྱིམ་ཚང་དབུལ་པོ་ཞིག་ལ་རིན་ཐང་སྒོར་ཁྲི6.1གི་ཟོང་དངོས་ཞལ་འདེབས་ཕུལ་བ་དང་། 2006ལོར། གསེར་ལུང་ཞང་གི་དབུལ་པོ་ཚེ་བརྟན་ཚང་ལ་ལུག25ཞལ་འདེབས་ཕུལ། དེའི་རྗེས་ཀྱི་ལོ་མང་པོའི་ནང་། ཁོས་དབུལ་པོ་ཚེ་རིང་དོན་འགྲུབ་ཚང་དང་ཡུམ་ལྡན་ཚང་གཉིས་ལ་སོ་སོར་ལུག25རེ་བྱིན་པ་དང་། 2010ལོར། བསོད་ནམས་ཀྱིས་ཡུས་ཧྲུའུ་ས་ཡོམ་གནོད་ཁུལ་ལ་ལུག100ཞལ་འདེབས་ཕུལ།

2012ལོར། གསེར་ལུང་ཞང་ཀ་ཆེན་སྡེ་བའི་དབུལ་པོ་རྟ་བྷོ་ཚང་གི་བྱིས་པ་གཉིས་ཀ་སློབ་ཡོན་སྟེར་རྒྱུ་མེད་པར་སློབ་བྱོལ་མི་མེད་ཐབས་མེད་བྱུང་བ་ན། ཁོས་རང་འགུལ་གྱིས་སྒོར་ཁྲི1ཞལ་འདེབས་ཕུལ་ཏེ། སྤྱང་གྲུང་འཛོམས་པའི་བྱིས་པ་དེ་གཉིས་ཀ་ཡང་བསྐྱར་སློབ་གྲྭར་འགྲིམ་དུ་བཅུག 2014ལོར། བསོད་ནམས་ཀྱིས་དབུལ་པོ་འབྲུག་ཐར་ཚང་དང་དཀོན་ཚེ་ཚང་། དབང་རྒྱལ་ཚང་། སངས་རྒྱས་ཚང་སོགས་ལ་ལུག100ཞལ་འདེབས་ཕུལ་བ་དང་། 2017ལོར། བསོད་ནམས་ཀྱིས་ད་དུང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མ་ངེ་ཞང་དཔོན་སྐོར་སྡེ་བའི་ན་ཚའི་རྐྱེན་གྱིས་དབུལ་པོར་གྱུར་པའི་ཁྱིམ་ཚང་ཞིག་ལ་ལུག100དང་ནོར9ཞལ་འདེབས་ཕུལ་བ་སོགས་གྲངས་ཀ་འདི་དག་མཐོང་དུས། མི་རྣམས་དབང་མེད་དུ་ཧ་ལས་ཤིང་ཧང་སངས་པར་བྱེད་ཅིང་། ནོར་ལུག་དང་སྒོར་མོ་འདི་འདྲའི་མང་པོ་ཞིག་སེར་སྣ་མེད་པར་གཏོང་ཕོད་པས། བསོད་ནམས་ནི་ཅི་འདྲའི་མི་ཕྱུག་པོ་ཞིག་ཡིན་ནམ་སྙམ་འོངས།

དོན་དམ་པར། ཡུས་ཧྲུའུ་ས་འགུལ་གྱི་གནོད་ཐེབས་ཁུལ་ལ་ཞལ་འདེབས་འབུལ་སྐབས། བསོད་ནམས་ཁོ་རང་ཉིད་ཀྱིས་དངུལ་ཁང་ལ་ད་དུང་སྒོར་ཁྲི་བཅུ་བདུན་གྱི་དངུལ་བུན་འཇལ་ཚར་མེད་པ་རེད།

སོག་པོའི་རྩྭ་ཐང་གི་འབྲོག་པ་རེ་རེ་དང་འདྲ་བར། དེ་སྔ་བསོད་ནམས་ཀྱིས་ཀྱང་རྩྭ་ཆུ་བསྙེགས་ནས་འབྲོག་པའི་རུ་སྤོའི་འཚོ་བ་རོལ་མྱོང་ལ། བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་སུ། ཁྱིམ་ཚང་རེ་རེར་ནོར་ལུག་བགོས་པ་ན། འཚོ་བར་རེ་བས་ཁེངས་མོད། འོན་ཀྱང་ཆུང་མ་གློ་བུར་ཚེ་ལས་འདས་པ་དེས་ཁོ་ནི་གཡང་རོང་དུ་ལྷུང་བ་ལྟར་ཅི་བྱེད་འདི་བྱེད་མེད་པར་བཏང་།

རང་གཅིག་པུས་ལོ་ན་ཕྲ་བའི་བྱིས་པ་གསུམ་པོ་སྙོར་དགོས་བྱུང་བས། རེ་ཞིག་བསོད་ནམས་ནི་ཅི་བྱ་གཏོར་བྲལ་དུ་གྱུར་ཏེ་ཡིད་སྐྱོ་བ་ཞིག་བྱུང་སོང་། ཕྱིས་སུ། བློ་སྟོབས་ཉམས་པའི་བསོད་ནམས་ཀྱིས་ནོར་ལུག་རྣམས་གཉེན་ཉེ་ཚང་ལ་བཅོལ་རྗེས། རང་གིས་བྱིས་པ་གསུམ་པོ་ཁྲིད་དེ་གསེར་ལུང་ཞང་ལ་གནས་སྤར་ཏེ། ལོ་ངོ4རིང་ཁང་པ་གཡར་མ་ཞིག་ཏུ་བསྡད།

ལོ་ངོ་དེ4པོར། དཀའ་སྡུག་གི་གནས་སུ་གྱར་པའི་ཕ་བུ་བཞི་པོར་སྲིད་གཞུང་དང་ཁྱིམ་མཚེས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་གང་མང་གནང་། སྲིད་གཞུང་གིས་ཁོ་ཚོ་དབུལ་སྐྱོར་བྱ་ཡུལ་ནང་བཞག་ཅིང་། ཁྱིམ་མཚེས་ཀྱིས་ཁོ་ཚོར་ལྟོ་རྒྱབ་གང་མཁོ་སྦྱིན.....སྐབས་དེའི་འཚོ་བར་ཕྱིར་དྲན་བྱེད་སྐབས། བསོད་ནམས་ཀྱིས་ད་དུང་ཡང་བརྗེད་མེད་དེ“དྲོད་ཁོལ་དེའི་རིགས་ནི་ཆེས་སྟོབས་ཤུགས་ལྡན་པ་ཞིག་ཡིན་ཏེ། དུས་ཚོད་ག་ཙམ་འགོར་རུང་། ངས་ནམ་ཡང་བརྗེད་མི་སྲིད”ཅེས་བཤད།

བསོད་ནམས་ཕོ་ལོ35ལ་བུད་པའི་ལོ་དེར་རྟ་མགྲིན་སྒྲོལ་མ་ངོ་ཤེས་ཤིང་། མོ་དང་གཉེན་བསྒྲིགས་རྗེས། བཟའ་ཟླ་གཉིས་ཀས་འབད་པ་ལྷུར་ལེན་བྱས་པ་བརྒྱུད། ཁོ་རང་ལོ་ན40ལ་སོན་པའི་སྐབས་སུ། རང་ཁྱིམ་གྱི་ཕྱུགས་རར་ཕྱུགས་ཀྱིས་ཁེངས་ཏེ། ཁྱིམ་ཚང་གི་ཆ་རྐྱེན་ཡང་སྡེ་བའི་ཡར་མགོའི་གྲས་སུ་ཚུད་ཡོད་པ་རེད། “རང་ཉིད་ཕྱུག་པོར་ཆགས་རྗེས། དཀའ་ཁག་ཆེ་བའི་མི་རྣམས་མཐོང་སྐབས། ངས་རྒྱུན་དུ་རང་ཉིད་ལ་དཀའ་སྡུག་ཆེ་དུས་ཀྱི་ལོ་ཟླ་དེ་དྲན་ཡོང་ཞིང་། སེམས་པའང་སྐྱིད་པོ་ཞིག་མི་ཡོང”ཞེས་བསོད་ནམས་ཀྱིས་དེ་ལྟར་དགེ་བའི་ལས་ཀྱི་མགོ་བརྩམས་པ་རེད།

1995ལོར། ཁོས་ལུག70བཙོངས་རྗེས། སྒོར་ཁྲི་ཚོ་གཅིག་འཁྱེར་ནས་ཞང་སྲིད་གཞུང་ལ་སོང་སྟེ། ཞང་སྲིད་གཞུང་གི་ལས་བྱེད་པར་རོགས་སྐྱོར་མཁོ་བའི་མི་རྣམས་ལ་སྟེར་རོགས་ཞེས་བཅོལ་གདམས་བྱས། “ངེས་པ་དོན་གྱིས་རོགས་སྐྱོར་མཁོ་བའི་མི་རྣམས་ལ་རོགས་སྐྱོར་བྱེད་འདོད་ན། ཤ་ཉེ་རིང་ཁོ་ན་བསམ་མི་རུང་བས། ངས་དོན་དག་འདི་ཞང་སྲིད་གཞུང་ལ་བཅོལ་ནས་བསྒྲུབས་ན་འོས་ཤིང་འཚམ་པ་ཞིག་རེད་སྙམ་བྱུང་།” བསོད་ནམས་ཀྱིས་བཤད་རྒྱུར། གཞན་ལ་རོགས་རམ་བྱ་ཐུབ་པ་བྱུང་ཚེ། ཁོ་ལ་བློ་བདེ་བག་ཕེབས་སྨྲ་མི་ཤེས་པ་ཞིག་འབྱུང་ལ། ཞལ་འདེབས་ཕུལ་ཐེངས་རེར་ཁོ་ལ་སྔར་ཡོད་མ་མྱོང་བའི་བདེ་སྣང་ཞིག་ཐོབ་ཡོང་ཟེར།

2010ལོའི་ཟླ4པར། བསོད་ནམས་གསེར་ལུང་ཞང་སྲིད་གཞུང་གི་ཚོགས་འདུར་ཞུགས་ཏེ། ཚང་མས་ཡུས་ཧྲུའུ་ལ་ཞལ་འདེབས་འབུལ་བའི་གྲོས་མགོ་བཏོན་པ་ན། བསོད་ནམས་ཀྱིས་ཁུག་མ་བསློགས་ནས་སྒོར500ཡོད་པ་ཚང་མ་ཞལ་འདེབས་སྒམ་ཆུང་ནང་འཕངས། ཉིན་འགའི་རྗེས་སུ། བརྙན་འཕྲིན་ལས་གནོད་ཐེབས་ཀྱི་གནས་ཚུལ་ཚབས་ཆེ་བ་མཐོང་སྐབས། ཁོ་རང་སྡོད་མི་ཚུགས་པར་གྱུར་མོད། འོན་ཀྱང་སྐབས་དེར་ཁྱིམ་དུའང་སྒོར་མོ་དེ་འདྲ་མང་པོ་ཞིག་མེད་པས། ཁོས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར། གནོད་ཁུལ་ལ་ལུག་གི་ཞལ་འདེབས་འབུལ་རྒྱུ་སེམས་ལ་དྲན་མོད། འོན་ཀྱང་ཆོག་མིན་མི་ཤེས་པས་ཞང་སྲིད་གཞུང་ལ་ཁ་པར་བཏང་།

“ཁྱོད་ལ་དྲན་ཚུལ་དེ་འདྲ་ཡོད་ན། ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་སྐྱེལ་ཐབས་བྱ་ངེས”ཞེས་ཁ་པར་ལེན་མཁན་གྱི་སྐབས་དེའི་ཞང་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་པའི་དཀོན་ཏེ་དགྲ་འདུལ་གྱིས་ཚིག་ཐག་ཆོད་པོས་ངང་དེ་ལྟར་བཤད།

ཡར་སྔོན་གྱི་ཞལ་འདེབས་རེ་རེ་ནི། རྟ་མགྲིན་སྒྲོལ་མས་བསོད་ནམས་ཀྱི་བསམ་ཕྱོགས་ལྟར་བྱས་མོད། འོན་ཀྱང་ཐེངས་དེར་བརྙན་འཕྲིན་གྱི་གསར་འགྱུར་ལས་གནོད་ཐེབས་གནས་ཚུལ་མཐོང་བས་ན། སེམས་སྐྱོ་བའི་རྟ་མགྲིན་སྒྲོལ་མས་མིག་མཐའི་མཆི་མ་འབྱིད་ཞོར། བསོད་ནམས་ལ“ཞལ་འདེབས་མང་པོ་ཞིག་འབུལ་རོགས”ཞེས་ཡང་ཡང་བཤད། སྐབས་དེར་ནམ་ཟླ་དཔྱིད་ལ་ཁེལ་བས། ལུག་གི་ཤ་ཤེད་དེ་འདྲ་རྒྱས་མེད། དབྱར་ཁ་ཐོན་ནས་ལུག་གི་ཤ་ཤེད་ཅུང་རྒྱས་པའི་སྐབས་སུ་བསོད་ནམས་ཀྱིས་ཞང་སྲིད་གཞུང་གིས་གྲོས་མགོ་བཏོན་པ་ལྟར། ལུག100བཙོངས་པའི་རིན་པ་སྒོར55000འཁྱེར་ནས་ཞང་སྲིད་གཞུང་དུ་སོང་།

སྐབས་དེའི་རྣམ་པ་ཕྱིར་དྲན་དང་། རྟ་མགྲིན་སྒྲོལ་མས་རྣམ་དག་སེམས་ཀྱིས་བཤད་པའི་སྐད་ཆས་མིའི་མིག་ནང་ལ་མཆི་མ་འཁོར་བར་བྱེད་ཅིང་། མོས་ཕྱིར་དྲན་བྱས་ནས་བཤད་རྒྱུར“ངས་བརྙན་འཕྲིན་ལས་ཡུས་ཧྲུའུ་ཡང་འབྲོག་ཁུལ་ཞིག་ཡིན་པ་མཐོང་བས། ཁོ་ཚོའི་ས་དེ་རུའང་རྩྭ་ས་ཡོད་ངེས། དེ་བས་བསོད་ནམས་ལ་ལུག་མང་པོ་ཞིག་སྟེར་རོགས་ཞེས་བཤད་པ་ཡིན་ལ། ལུག་དེ་དག་ཡོད་པ་ན། གནོད་འཚེ་ཐེབས་པའི་མི་རྣམས་ལ་མ་མཐའ་ཡང་འཚོ་རྟེན་ཞིག་ཡོད་རྒྱུ་རེད་བསམ་པ་ཡིན།”

དུས་དེ་རིང་། བསོད་ནམས་ཚང་ལ་ཧི་ནན་རྫོང་ཨུའི་ཏང་གི་སློབ་གྲྭ་དང་གསེར་ལུང་ཞང་གིས“ཧི་ནན་རྫོང་གི་ཏང་ཡོན་དང་ཏང་གཤིས་སློབ་གསོའི་ཡུལ་དངོས་སློབ་ཁྲིད་ཁང”དང“གསེར་ལུང་ཞང་གི་ཏང་ཡོན་དང་ཏང་གཤིས་སློབ་གསོའི་རྟེན་གཞི།” “དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ཁྲིད་སྦྱོང་ཁང”བཅས་ཀྱི་སྒོ་བྱང་བཀལ་ཡོད་ལ། ཐབས་ཆག་རྙིང་རལ་དུ་གྱུར་པའི་ར་སྐོར་དེ་ནི་ཧི་ནན་རྫོང་གི་ཏང་ཡོན་ལས་བྱེད་པའི་བསམ་པར་བྱབས་ཁྲུས་བྱེད་སའི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།