ཟི་ལིང་གྲོང་ཁྱེར་ཙོང་ཆུའི་ནགས་ར་རྒྱལ་ཡོངས་ཀྱི་ནགས་ར་ལེགས་ཤོས10ཡི་གྲས་སུ་ཚུད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། “2020ལོའི་རྒྱལ་ཡོངས་ནགས་ར་ལེགས་ཤོས10”ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་།མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཙོང་ཆུའི་ནགས་རར“2020ལོའི་རྒྱལ་ཡོངས་ནགས་ར་ལེགས་ཤོས10”ཡི་མཚན་སྙན་ཐོབ།

ཟི་ལིང་གྲོང་ཁྱེར་ཙོང་ཆུའི་ནགས་རར་བདག་གཉེར་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིངས2444ཡོད་པ་དང་། ནགས་ཚལ་གྱི་ཁེབས་ཚད93%ཡན་ལ་སླེབས་ཤིང་། དེས་ཟི་ལིང་གྲོང་ཁྱེར་གྱི་ཁོར་ཡུག་དང་ཆུ་ཁུངས་སོགས་ཀྱི་ཐད་བྱེད་ནུས་ཐོན་ཡོད། ཕུན་སུམ་ཚོགས་པའི་དགེ་མཚན་ལ་བརྟེན་ནས་རང་ཞིང་གི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་། ཚན་རྩལ་སྣེ་ཁྲིད། རྒྱལ་ཁོངས་ལྗང་བསྒྱུར། སྡོང་ཕྲུག་གསོ་སྐྱོང་ཐོན་སྐྱེད་སོགས་ཀྱི་ཐད་དཔེ་སྟོན་དང་སྣེ་ཁྲིད་ཀྱི་བྱེད་ནུས་ཐོན་ཡོད། 

ཟི་ལིང་གྲོང་ཁྱེར་ཙོང་ཆུའི་ནགས་རས་སྔ་གཞུག་ཏུ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཡིས“རྒྱལ་ཡོངས་སྤུས་ཚད་ཡིད་རྟོན་རུང་པའི་སྡོང་ར”དང“རྒྱལ་ཡོངས་ཁྱད་ལྡན་སྡོང་ཕྲུག་རྟེན་གཞི”སོགས་ཀྱི་མཚན་སྙན་གནང་། ཞིང་ཆེན་རིམ་པའི་ནགས་ཚལ་སྤྱི་གླིང་བདེ་བླག་ངང་གསར་སྐྲུན་བྱས་པའི་རིང་ལ། ཟི་ལིང་གྲོང་ཁྱེར་ཙོང་ཆུ་ནགས་རས་ས་ཁོངས་དང་ཐོན་ཁུངས་དགེ་མཚན་འདོན་སྤེལ་དང་། ཧུར་ཐག་གིས་དཔལ་འབྱོར་ཁེ་ཕན་དང་སྐྱེ་ཁམས་ཁེ་ཕན་འདོན་སྤེལ་བྱས། ད་ལྟ་ལོ་རེའི་གནས་སྐོར་བ་མི་ཐེངས་ཁྲི20སྣེ་ལེན་བྱས། སྡོང་རིགས་ཐོན་ཁུངས་ལ་བརྟེན་ནས། ས་གནས་ཀྱི་སྡོང་རིགས་གསོ་སྐྱོང་ལ་ཤུགས་བསྣན་ཏེ། སྔ་གཞུག་ཏུ་ཞིང་ཆེན་རིམ་པའི་ཚན་རྩལ་གྲུབ་འབྲས་སྣ20ལྷག་ཐོབ་ཅིང་། ཁྱོན་བསྡོམས་སྦྱར་ལྕང་སྡོང་རིགས་རྐང་ཁྲི420དང་།སྡོང་ཕྲུག་རྐང་ཁྲི200ཐོན་སྐྱེད་བྱས་ཏེ། དེ་དག་རང་ཞིང་གི་མཁར་ཤང་ལྗང་བསྒྱུར་ཁྲོད་བེད་སྤྱོད་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།