མཚོ་སྔོན་ཞིང་ཆེན་ཡོངས་ཀྱི“འཛམ་གླིང་སའི་གོ་ལའི་ཉིན་མོའི”དྲིལ་སྒྲོག་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་། ཟི་ལིང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་གཉིས་ཀྱི་རྩ་འཛུགས་མཛུབ་སྟོན་དང་། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་རང་བྱུང་ཐོན་ཁུངས་ཅུས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི“འཛམ་གླིང་སའི་གོ་ལའི་ཉིན་མོ”ཐེངས52པའི་དྲིལ་སྒྲོག་མགོ་རྩོམ་མཛད་སྒོ་མཁར་བྱང་ཁུལ་ཁྲའོ་དབྱང་ཐང་ཆེན་དུ་སྤེལ་བ་དང་། དེས་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱི་མི་སྣ་སྐུལ་སློང་བྱས་ཏེ“ནུས་ཁུངས་གྲོན་ཆུང་དང་། སའི་གོ་ལར་སྲུང་སྐྱོབ”བྱེད་པའི་འདུ་ཤེས་ལག་ལེན་དང་། བཙོག་མེད་འཕེལ་རྒྱས་ལ་སྐུལ་འདེད། དེ་མིན་ང་ཚོ་འཚོ་སྡོད་བྱེད་པའི་སའི་གོ་ལའི་ཁྱིམ་གཞིར་སྲུང་སྐྱོབ་བྱས་ཏེ།རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་། ཉིན་རྒྱུན་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་བྱ་བ་ལེགས་པོར་སྒྲུབ་ནས།སའི་གོ་ལའི་ཁྱིམ་གཞིར་སྲུང་སྐྱོབ་དང་། མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱས།

ད་ལོའི“འཛམ་གླིང་སའི་གོ་ལའི་ཉིན་མོའི”བརྗོད་དོན་བྱ་འགུལ་ནི“སའི་གོ་ལར་གཅེས་སྤྲས་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས”ཡིན་ཞིང་། བྱ་འགུལ་ཁྲོད ལས་སྒྲུབ་མི་སྣས་དྲིལ་སྒྲོག་འགྲེམ་བྱང་འགལ་བ་དང་། དྲིལ་སྒྲོག་བྱང་བུ་སྒྲིག་བཀོད། དྲིལ་སྒྲོག་རྒྱུ་ཆ་སྟེར་བ། རིག་རྩལ་འཁྲབ་སྟོན། ཡུལ་དངོས་ནས་དྲིས་ལན་འདེབས་པ་སོགས་ཀྱི་རྣམ་པས་ད་ལོའི་དྲིལ་སྒྲོག་བརྗོད་དོན་དང་འབྲེལ་ནས། ཡུལ་དངོས་མང་ཚོགས་ལ“འཛམ་གླིང་སའི་གོ་ལའི་ཉིན་མོ”དང་། སའི་གོ་ལར་སྲུང་སྐྱོབ། ཁོར་ཡུག་སྲུང་སྐྱོབ། ནུས་ཁུངས་གྲོན་ཆུང་སོགས་ཐད་ཀྱི་ཤེས་བྱ་འགྲེམ་བཤད་བྱས་པའི་དུས་མཚུངས་སུ། རྒྱ་ཆེའི་མང་ཚོགས་ལ་ནུས་ཁུངས་གྲོན་ཆུང་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་གོམས་གཤིས་ལེགས་པོ་ཆགས་པར་སྣེ་ཁྲིད་དེ། སྤྱི་ཚོགས་ཡོངས་ཀྱིས་སའི་གོ་ལའི་ནུས་ཁུངས་དང་ཁོར་ཡུག་སྔར་བས་གཅེས་སྐྱོང་བྱས་ནས། སའི་གོ་ལའི་སྲུང་སྐྱོབ་དེ་མི་སྒེར་གྱི་རང་འགུལ་གྱི་བྱེད་སྟངས་སུ་བསྒྱུར་ནས། རང་འགུལ་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཞུགས་སུ་བཅུག 

ཐེངས་འདིའི་བྱ་འགུལ་ཁྲོད་དྲིལ་སྒྲོག་རྒྱུ་ཆ1000དང་འཕྲེད་བྱང40དང་། འགྲེམ་བྱང30བཀྲམ་པ་དང་། སྤྱི་ཚོགས་ཀྱི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་དང་། ཡང་དག་པའི་རང་བྱུང་ཐོན་ཁུངས་ལྟ་བ་ཆགས་པར་སྣེ་ཁྲིད་དེ། ཕན་ནུས་ལྡན་པའི་སྒོ་ནས་སྤྱི་ཚོགས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་ཤེས་རྟོགས་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། སྤྱི་ཚོགས་ལས་རིགས་ཁག་གི་ཁོར་སྲུང་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ། ཚང་མས་སའི་གོ་ལའི་ཐོན་ཁུངས་གཅེས་སྤྲས་བྱེད་པར་འབོད་སྐུལ་དང་། རང་བྱུང་ཁམས་དང་ཉེ་བར་བཅར་བ། རང་བྱུང་ལ་རྒྱུས་ལོན། རང་བྱུང་ལ་སྲུང་སྐྱོབ་བྱེད་པའི་སྐྱེ་ཁམས་འདུ་ཤེས་ཆགས་སུ་བཅུག་ནས། མིའི་རིགས་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་། མཉམ་དུ་མཛེས་སྡུག་བདེ་སྐྱིད་ཀྱི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།