མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བའི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོ། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བའི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་བསྡུས་པ་དང་། ཚོགས་འདུའི་སྔོན་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་མངགས་བཅོལ་ལྟར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་འཚམས་འདྲི་བྱས་པ་དང་། ཁོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་གཟེངས་བསྟོད་ཐོབ་མཁན་རྣམས་ལ་རྟེན་འབྲེལ་ཞུས་པ་དང་གུས་བརྩིའི་བསམ་པ་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་གྱིས་འཚམས་འདྲི་བྱེད་རོགས་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཐིན་ཅཱ་ཚའེ་དང་ཝང་ཡུས་ཡན། དབྱིན་པེ། ལིས་ཧུང་ཡ། ཀྲང་ཙི་ཅུན། མིན་ཡུང་ཧྲན། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་ཀྲུང་དབྱང་ལྟ་ཞིབ་ཚན་ཁག་ཐེངས་བཅོ་ལྔ་པའི་མཚོ་སྔོན་ཚན་ཆུང་གི་འབྲེལ་ཡོད་བློ་མཐུན་བཅས་འཚམས་འདྲིའི་བྱེད་སྒོ་དང་ཚོགས་འདུར་ཞུགས།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་སྒྲིག་གནང་བའི་ཇུས་ཆོད་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་རྒྱལ་ཁབ་ཡུན་སྐྱོང་བདེ་འགོད་དང་མང་ཚོགས་ཀྱི་བདེ་འཇགས་འབྱོར་ཕྱུག  སྲིད་དབང་བརྟན་བརླིང་བཅས་དང་འབྲེལ་བ་ཡོད་པར་མ་ཟད། ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན། ལོ་ངོ་གསུམ་གྱི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནན་ཏན་སྒོས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་ནན་མོ་བྱས་ནས། གཅིག་གྱུར་སྒོས་འཆར་འགོད་བཟོས་པ་དང་ཤུགས་ཆེན་པོས་སྐུལ་འདེད་བཏང་བར་བརྟེན། ཆེད་དོན་འཐབ་རྩོད་བྱ་བར་རྒྱལ་ཁ་བླངས་ནས་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱུང་། གོ་རིམ་འདིའི་ཁྲོད་དུ། ས་གནས་དང་སྡེ་ཁག་སོ་སོས་ལས་དོན་འབོར་ཆེན་བསྒྲུབས་པ་དང་འབད་འབུངས་ལྷོད་མེད་བྱས་ནས། བྱས་རྗེས་འབུར་ཐོན་ཡིན་ལ་ངོ་མཚར་རྨད་དུ་བྱུང་བའི་སྔོན་ཐོན་ཐུན་མོང་དང་མི་སྒེར་འབོར་ཆེན་ཞིག་བྱུང་། དེ་རིང་གཟེངས་བསྟོད་ཐོབ་པའི་བློ་མཐུན་རྣམས་ནི་དེའི་ཁྲོད་ཀྱི་དཔེ་མཚོན་འཐུས་མི་ཡིན་པ་དང་ང་ཚོས་སློབ་སྦྱོང་བྱེད་སའང་ཡིན། རེ་བ་ཡིན་ན་ཚང་མས་གཟི་བརྗིད་ལ་གཅེས་སྤྲས་དང་བླངས་པའི་གྲུབ་འབྲས་ལ་ང་རྒྱལ་མི་སྐྱེས་པར། མ་འོངས་པའི་ལས་དོན་ཁྲོད་དུ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་འབད་དེ། ཏང་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་བྱ་བའི་འོས་འགན་ལྕི་ལ་སྒྲུབ་ཡུན་རིང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དངོས་འབེབས་དམ་ཟབ་བྱས་ནས། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་ཀྲུང་དབྱང་ལྟ་ཞིབ་ཚན་ཁག་ཐེངས་བཅོ་ལྔ་པའི་མཛུབ་སྟོན་འོག་ཏུ། ཀྲུང་དབྱང་གི་ལས་རིམ་ཁག་སོ་སོའི་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་རྒྱུ་དང་གནད་དོན་ཞན་ཆ་གསབ་པའི་ཐད་སྟོབས་ཤུགས་གཅིག་བསྡུས་བྱེད་པ། སྒྲིག་ལུགས་འཐུས་ཚང་ཡོང་བར་བྱེད་པ། ཉམས་མྱོང་དང་བྱེད་ཕྱོགས་སྔར་ལས་ཇེ་འཛོམས་སུ་གཏོང་བ། མིག་སྔར་སྤེལ་གྱིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལས་དོན་དང་གཞི་གཅིག་ཏུ་སྦྲེལ་ནས། ཧུར་བརྩོན་ཆེན་པོས་ཆུ་ཚད་སྔར་ལས་མཐོ་བའི་བདེ་ཐང་མཚོ་སྔོན་བསྐྲུན་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་བསམ་པ། བདེ་འཇགས་ཀྱི་བསམ་པ་བཅས་མངོན་སུམ་ཇེ་དྲག་ཏུ་གཏོང་དགོས་ཟེར།

དབྱིན་པེ་ཡིས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལས་སྒོ་སྤེལ་བ་ནས་བཟུང་། ང་ཚོས་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས་ནས། རྡུང་རྡེག་ཚ་ནན་བཏང་བ་དང་གནད་དོན་ཆེ་སར་ཆེད་དམིགས་སྦྱོར་བ་སྤེལ་ཏེ། བཅོས་སྐྱོང་སྐོར་མང་པོ་དང་ཚ་རླབས་ཐེངས་དུ་མ་བསླངས་ནས། ཆེད་དོན་འཐབ་རྩོད་བྱ་བར་ཕན་འབྲས་མངོན་གསལ་བླངས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།