ལྗང་བསྒྱུར་བྱ་འགུལ་སྤེལ་ནས་འདུ་ཤེས་སྐྱོང་། སྡོང་འཛུགས་ནགས་སྐྲུན་བྱས་ནས་ཕ་ཡུལ་སྲུང་།

དཔྱིད་རླུང་གི་རྒྱུ་བ་འཇམ་པོས་རྩྭ་དང་རྩི་ཤིང་ལ་གསོན་ཤུགས་བསྩལ་ནས། ག་ས་གང་དུ་དཔྱིད་དཔལ་གྱི་རྣམ་པས་ཡོངས་སུ་ཁེངས་འདུག ལོ་རེ་རེའི་ཟླ་བཞི་པའི་ཟླ་དཀྱིལ་ནི་ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་འོས་འགན་སྡོང་འཛུགས་བྱ་འགུལ་ཁྲོད་ཞུགས་ནས། ཁོར་ཡུག་ལྗང་བསྒྱུར་བྱ་བར་འབད་བཞིན་པའི་དུས་སྐབས་ཤིག་ཡིན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཡང་དེ་ལས་མ་འདས།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཉེ་སྔོན་རྒྱལ་ས་པེ་ཅིན་ནས་བསྡུས་པའི་འོས་འགན་སྡོང་འཛུགས་བྱ་འགུལ་ཁྲོད་ཞུགས་སྐབས། “ང་ཚོ་མི་ཚང་མས་ལྗང་མདོག་ལ་དགའ་བ་དང་ལྗང་མདོག་བསྐྲུན་པ། ལྗང་མདོག་སྲུང་སྐྱོབ་བྱེད་པ་བཅས་ཀྱི་སྲོལ་བཟང་དར་སྤེལ་གཏོང་དགོས་ཤིང་། ཚང་མར་སྡོང་འཛུགས་ནགས་སྐྲུན་དང་མེས་རྒྱལ་ལྗང་བསྒྱུར་གྱི་འགན་འཁྲིའི་འདུ་ཤེས་ཆགས་སུ་འཇུག་པ་དང་། སྡོང་འཛུགས་ནགས་སྐྲུན་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་སུ་ཁྱབ་པའི་རང་རྟོགས་བྱ་སྤྱོད་ལ་འགྱུར་ཏུ་བཅུག་སྟེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པར་མཉམ་དུ་འབད་པ་བྱེད་དགོས”ཞེས་པའི་དགོངས་པ་གཞིར་བཟུང་ནས། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་སྤྱིའི་བཀོད་སྒྲིག་དང་བླང་བྱ་ལྟར། གཅན་ཚ་རྫོང་གིས་ཟླ4པའི་ཚེས12ཉིན་འོས་འགན་སྡོང་འཛུགས་སྐུལ་སློང་ཚོགས་ཆེན་བསྡུས་ཏེ། ལོ་རེའི་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་སྤེལ་མགོ་བརྩམས་ཤིང་། ག་ས་གང་དུ་སྡོང་འཛུགས་ནགས་སྐྲུན་གྱི་ཡོ་ལང་རྒྱས།

ཚེས13ཉིན་གྱི་ཕྱི་དྲོར། ས་གནས་དེ་གའི་དྲིལ་སྒྲོག་པུའུ་ཡི་ལས་བྱེད་མི་སྣའི་འགྲོ་རོགས་འོག ངེད་གསར་འགོད་ཚན་ཆུང་ཡང་ཚོ་དྲུག་ཞང་གི་སྡོང་འཛུགས་ནགས་སྐྲུན་གྱི་ཡུལ་དངོས་སུ་སོང་སྟེ་གནས་ཚུལ་ལ་རྒྱུས་ལོན་ཐེངས་ཤིག་བྱས་པ་ཡིན། སྡོང་འཛུགས་ནགས་སྐྲུན་ས་ཁུལ་དུ་རྒྱ་རིགས་དང་བོད་རིགས། ཧུའེ་རིགས་གཙོ་བྱས་པའི་མི་རིགས་མང་པོས་མཉམ་དུ་སྡོང་ཕྲུག་སྐྱེལ་བ་དང་སྡོང་ཕྲུག་འཛུགས་པ། ཆུ་གཏོང་བ་སོགས་ཚ་ཚ་འུར་འུར་གྱིས་ངལ་རྩོལ་བྱེད་པའི་རྣམ་པ་མངོན།

“རེམ། རེམ། སྡོང་ཕྲུག་འཁྱེར་ཤོག”

“འོ་ཡ། ཆུ་འཁྱེར་ཤོག དེ་མིན་སྡོང་བོ་སྐམ་རྒྱུ་རེད”ཅེས་སྡོང་འཛུགས་ཡུལ་དངོས་ཀྱི་དེའུ་འབུར་ཞིག་གི་སྟེང་དུ་མགོ་ལ་ཞྭ་མོ་དཀར་པོ་གྱོན་པའི་ཧུའེ་རིགས་རྒན་པོ་ཞིག་དང་བོད་རིགས་གཞོན་ནུ་གཉིས་ཀྱིས་སྡོང་བོ་བཙུགས་ཚར་རྗེས། ཁོ་གཉིས་དང་ཐག་མི་རིང་བའི་ས་ན་སྡོང་ཕྲུག་སྐྱེལ་འདྲེན་འཁོར་ལོ་ཞིག་ཡར་ཡོང་ཐུབ་ཀྱིན་མེད་པ་དེར་རོགས་བྱེད་དུ་བུད་སོང་། ལོ་བ་ནགས་ལས་ཁང་གི་མགོ་གཙོ་སྒྲོལ་མ་ཚེ་བརྟན་གྱིས་བཤད་རྒྱུར། “གཅན་ཚ་རྫོང་གིས2016ལོ་ནས་ད་བར་དུ་ལོ་དྲུག་གི་རིང་ལ་ས་མུའུ་ཁྲི15ལྷག་ལ་སྡོང་ཕྲུག་བཙུགས་ཡོད་པ་དང་། དེའི་རིང་ལ་ང་ཚོའི་རྫོང་ནགས་ལས་ཅུས2016ལོར་རྒྱལ་ཡོངས་སྐྱེ་ཁམས་འཛུགས་སྐྲུན་འབུར་ཐོན་ཅན་གྱི་སྔོན་ཐོན་ཐུན་མོང་ལ་བདམས་པ་དང་། 2017ལོར་རྒྱལ་ཡོངས་ནགས་ལས་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་ལ་བདམས་པར་མ་ཟད། 2019ལོར་ང་ཚོའི་རྫོང་ལ་རྒྱལ་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་ལྗང་བསྒྱུར་དཔེ་སྟོན་ལས་ཁུངས་ཞེས་པའི་མཚན་སྙན་ཡང་གནང་། ད་ལོ་ཡང་ང་ཚོས་མུ་མཐུད་དུ་རྒྱལ་ཁོངས་ལྗང་བསྒྱུར་ཐད་ཤུགས་བརྒྱབ་ནས་ས་མུའུ་ཁྲི2ལྷག་ལ་སྡོང་ཕྲུག་འཛུགས་རྒྱུའི་འཆར་གཞི་འཐེན་ཡོད”ཟེར།

རྒྱུས་ལོན་པ་ལྟར་ན། གཅན་ཚ་རྫོང་གིས་ཟླ4པ་མ་ཚེས་གོང་ནས་སྡོང་འཛུགས་ས་ཁུལ་དུ་ཉིན་ཉི་ཤུ་ལྷག་གི་རིང་ལ་ས་དོང་བརྐོས་པ་དང་། སྡོང་ཕྲུག་འཛུགས་མགོ་བརྩམས་པ་ནས་ད་དུང་ཉིན་ཉི་ཤུ་ལྷག་གི་རིང་ལ་སྡོང་ཕྲུག་འཛུགས་འཆར་ཡོད། སྐར་མ་ཐང་གི་རྒད་པོ་འབྲུག་འབུམ་གྱིས་བཤད་རྒྱུར། “སྔོན་ཆད་ལོ་ན་གཞོན་པའི་དུས་སུ་ནགས་སྲུང་གི་འདུ་ཤེས་ཞན་པས་སྡོང་བོ་གཅོད་མི་རུང་བ་སོགས་ལ་དེ་འདྲའི་སྣང་དོགས་བྱས་མ་མྱོང་ནའང་། ད་སྐབས་རྒྱལ་ཁབ་ཀྱིས་འདི་ལྟར་རྩ་འཛུགས་སྒོས་ཕྱོགས་སོ་སོ་ནས་སྡོང་ཕྲུག་བཙུགས་ན། རང་ཉིད་ཀྱང་སྡོང་འཛུགས་ནགས་སྐྲུན་ཁྲོད་ཞུགས་ནས་རང་ནུས་ཀྱི་སྟོབས་ཤུགས་ཕྲན་ཙམ་རེ་འདོན་བཞིན་ཡོད་པར་མ་ཟད། སྡོང་བོར་གཅེས་སྤྲས་བྱེད་རྒྱུའི་འདུ་ཤེས་དེའང་ཡུན་གྱིས་སེམས་སུ་ཆགས་ཡོད། ང་ཚོས་འཛུགས་བཞིན་པའི་སྡོང་ཕྲུག་འདི་དག་ནི་དེ་རིང་བཙུགས་ཚར་ན་མཇུག་རྫོགས་སོང་བ་ཞིག་མ་ཡིན་པར། དེར་ཆུ་གཏོང་རྒྱུ་དང་གནོད་འབུ་ཡོད་མེད་ལའང་དུས་ལྟར་བརྟག་དཔྱད་བྱེད་ཀྱིན་ཡོད། དེས་མི་ཚད་མང་ཚོགས་འདིར་ཡོང་ནས་སྡོང་ཕྲུག་བཙུགས་ན་འོས་འཚམ་གྱི་ཡོང་སྒོ་རེའང་བཙལ་ཐུབ”ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛེས་པའི་ཀྲུང་གོ་བསྐྲུན་པར་མི་རེ་རེས་འབད་བརྩོན་ལྷོད་མེད་བྱས་པ་དང་ཁ་འབྲལ་ཐབས་མེད་ཅེས་པའི་གསུང་བཤད་གལ་ཆེན་ནང་བཞིན། གཅན་ཚ་རྫོང་གིས་ཀྱང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་སྣེ་ཁྲིད་ཅིང་། དམངས་ཡོངས་ཀྱང་འོས་འགན་སྡོང་འཛུགས་བྱ་འགུལ་ཁྲོད་ཞུགས་ནས། གཅན་ཚ་རྫོང་གི་རི་བོ་སྔར་བས་ལྗང་ཞིང་ཆུ་བོ་སྔར་བས་དྭངས་བ་དང། རྫོང་ཡོངས་ཀྱི་ལྗང་མདོག་གི་ཁེབས་ཚད་སྔར་བས་ཇེ་ཆེར་བཏང་ཡོད་ལ། ཏང་ཡོན་དང་ལས་བྱེད་མི་སྣ། ཆོས་ལུགས་སྡེ་ཁག་གི་མི་སྣ་སོགས་མང་ཚོགས་གང་མང་ཞིག་ཀྱང་ཐེངས་འདིའི་འོས་འགན་སྡོང་འཛུགས་ནགས་སྐྲུན་གྱི་བྱ་འགུལ་ཁྲོད་ཞུགས་ནས།རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་རང་ཉིད་ཀྱི་ནུས་ཤུགས་བཏོན་དང་འདོན་བཞིན་མཆིས།

2016ལོ་ནས་བཟུང་གཅན་ཚ་རྫོང་གིས་འོས་འགན་སྡོང་འཛུགས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་བརྒྱུད། གཅན་ཚ་རྫོང་གིས་རྒྱལ་ཁོངས་ལྗང་བསྒྱུར་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་བླངས་པ་དང་།སྐྱེ་ཁམས་དཔལ་འབྱོར་ལ་ཕན་ནུས་ལྡན་པའི་སྲུང་སྐྱོབ་དང་ལོ་རྒྱུས་རང་བཞིན་གྱི་ལེགས་བཅོས་ཐོབ་པར་མ་ཟད། གཅན་ཚ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཡོངས་ཀྱི་ལྗང་བསྒྱུར་གྱི་འདུ་ཤེས་སྔར་བས་ཇེ་དྲག་ཏུ་བཏང་བ་དང་། མང་ཚོགས་ཀྱི་མཛེས་སྡུག་གི་ཕ་ཡུལ་བསྐྲུན་པར་མི་སོ་སོས་ཧུར་བརྩོན་བྱེད་དགོས་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་སྔར་བས་ཇེ་དྲག་ཏུ་བཏང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།