ཞིན་ཁྲང་ཞིང་གིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས21ཉིན་ནས་ཚེས22ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི”ལག་ལེན་བྱ་འགུལ་གཏིང་ཟབ་སྒོས་སྤེལ་ཏེ། རིགས་སོ་སོའི་མང་ཚོགས་ལ་དོན་བཟང་དང་དོན་དངོས་སྒྲུབ་པ། དཀའ་ཁག་སེལ་རོགས་བཅས་བྱས་ནས། གསར་སྐྲུན་རང་བཞིན་གྱི་སྒོ་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་དགོས་ཞེས་བསྟན། 

གཞི་རིམ་ནི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་དང་དཀྱིལ་སྙིང་ཡིན། ཀོས་ནན་རྫོང་མགོ་མང་གྲོང་རྡལ་སྟབས་བདེ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་ཐུན་ཏེ་རྫོང་འགལ་རྩོད་ཕྱོགས་བསྡུས་འདུམ་སྒྲིག་ཞབས་ཞུ་ལྟེ་གནས་སུ། ཞིན་ཁྲང་ཞིང་གིས་ལྟེ་གནས་འཁོར་སྐྱོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། མགོ་མང་གྲོང་རྡལ་མགོ་མང་སྡེ་བའི་ཧྲུའུ་ཅི་དང་པོ་དང་བརྙན་རིས་འབྲེལ་འདྲིས་བྱས་ནས། ལྟེ་གནས་ཀྱིས་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་པ་དང་། འཕྲིན་བཅར་དང་ཞུ་གཏུག་བྱེད་མཚམས་འཇོག་པའི་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ས་རྒྱ་ཆེ་ཞིང་མི་ཉུང་བས། ཆ་འཕྲིན་ལག་རྩལ་བྱེད་ཐབས་ལ་རྒྱབ་རྟེན་ནས་བྱ་བ་སྤེལ་བ་དང་། ལས་བྱེད་པ་མི་སྣ་ལ་གསོ་སྦྱོང་བྱས་ནས་ལས་རྐང་གཅིག་ལ་འགན་འཁྲི་མང་བ་དང་ལས་རྐང་གཅིག་ལ་ནུས་པ་མང་པོར་བྱེད་པར་སྣེ་ཁྲིད་བྱས་ཏེ། ལས་སྒོ་སྒྲུབ་པའི་ནུས་པ་ལས་ཆོད་དང་ཞབས་ཞུ་ཆུ་ཚད་རྒྱུན་མི་ཆད་པར་མཐོར་འདེགས་སུ་གཏོང་དགོས། གཞི་རིམ་བཅོས་སྐྱོང་གི་འགོག་རགས་དང་པོའི་ནུས་པ་འདོན་སྤེལ་བྱེད་པ་དང་། འཕྲིན་བཅར་བྱ་བ་དང་འགལ་རྩོད་ཐག་གཅོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གནད་དོན་གཞི་རིམ་ནས་ཐག་གཅོད་པ་དང་འགལ་རྩོད་གཞི་རིམ་ནས་ཐག་བཅད་དེ། མཉམ་འཛུགས་མཉམ་བཅོས་དང་མཉམ་སྤྱོད་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་དགོས།

ཀོས་ནན་རྫོང་མུ་གེ་ཐང་བྱེ་འགོག་བྱེ་བཅོས་བཟོ་སྐྲུན་དང་། ཐུན་ཏེ་རྫོང་གི་གཞུང་ལམ་དང་ཆུ་རྐ་བཅོས་སྐྱོང་། ཆུའི་བཙོག་བཟོ་འགོག་བཅོས་སོགས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་དང་ལོ་རྒྱུས། རིག་གནས་སོགས་ཕྱོགས་མང་པོ་ནས་བསམ་གཞིགས་བཏང་སྟེ། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་འཆར་འགོད་ལག་བསྟར་བྱེད་དགོས། ས་དེའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ས་དེར་འཚམ་པའི་སྡོང་ཕྲུག་འདེམ་པ་དང་། ལག་རྩལ་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་པ། སྡོང་བོའི་གསོན་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། བྱེ་ཁུལ་བཅོས་སྐྱོང་གི་འཁོར་རྒྱུག་བཟང་བོའི་མ་དཔེ་གྲུབ་པར་བྱེད་དགོས། མཁར་གྲོང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་བ་དང་། མཁར་གྲོང་སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱེད་པ། གྲོང་གསེབ་ཀྱི་ཕྱོགས་བསྡུས་འདེགས་སྐྱོར་ནུས་པ་མཐོར་འདེགས་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་ཇེ་དྲག་ཏུ་གཏོང་དགོས།

ཞིན་ཧེ་རྫོང་རྒན་གསོ་ཁང་དུ། ཞིན་ཁྲང་ཞིང་གིས་རྒན་པ་རྣམས་དང་བརྩེ་བའི་ངང་ནས་གླེང་མོལ་བྱས། ཁོས་བཤད་རྒྱུར། དེང་སྐབས་སྤེལ་བཞིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་མང་ཚོགས་ཀྱི་དོན་དངོས་གནད་དོན་ཐག་གཅོད་བྱེད་པ་དང་ཟུང་འབྲེལ་སྒོས། འགན་འཁྲི་དང་བརྩེ་བ་བསྣམས་ནས། བློ་སེམས་རྩེ་གཅིག་གིས་མང་ཚོགས་ལ་དོན་དངོས་དང་དོན་བཟང་སྒྲུབ་ཏེ།བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སྔར་ལས་མི་དམངས་ཡོངས་ལ་ཕན་ཁེ་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཟེར། 

ཚེ་རིང་ཐར་མཉམ་དུ་རྟོག་ཞིབ་ཁྲོད་ཞུགས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།