ཐིན་ཅ་ཚའེ་ཡིས་མཚོ་བྱང་ཁུལ་དུ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་བརྟག་ཞིབ་བྱས་ནས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་བྱ་བར་གཞོག་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཐིན་ཅ་ཚའེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལིན་རྫོང་དང་རྐང་ཚ་རྫོང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་སུ་ཕྱིན་ནས། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་ལས་དོན་ལ་གཞོགས་འདེགས་བྱས་པ་དང་། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་ཆེད་འགན་འཁུར་མཁན་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། གཅུན་ལྷོད་ཀྱི་ཚད་གཞི་ཡོད་པའི་སྲིད་ཇུས་ཐབས་ཇུས་གནད་ཁེལ་ངང་སྤྱོད་པ། ཁྲིམས་འཛིན་རུལ་སུངས་ལ་ཆད་པ་ནན་མོ་གཅོད་པ་བཅས་བྱས་ནས། ཕན་ནུས་ལྡན་པའི་སྒོ་ནས་ཆབ་སྲིད་ལྟ་སྐུལ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཐིན་ཅ་ཚའེ་ཡིས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་ལ་གཞོགས་འདེགས་བྱེད་པ་ནི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ཆབ་སྲིད་ལས་འགན་ཞིག་ཡིན་པས་ངེས་པར་དུ་མཐོང་ཆེན་དང་། བསམ་གཞིག་གཏིང་ཟབ། དོན་དངོས་དམ་འཛིན། ཕན་འབྲས་ཐོན་པ་བཅས་བྱེད་དགོས། ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་བདག་སྤྲོད་དང་ཐག་གཅོད་བྱས་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གནད་དོན་ཁུངས་སྣེ་ལ་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་རྩིས་བཤེར་བྱས། ད་ལོ་ནས་བཟུང་བདག་སྤྲོད་བྱས་པའི་རིགས་ལ་ལོགས་སུ་རྩིས་ཁྲ་བཟོས་ནས། མཐའ་མཇུག་གི་གྲངས་ཀ་གསལ་བོར་བྱེད་དགོས། གྱོད་དོན་རྩད་ཞིབ་ཐག་གཅོད་བྱས་ཟིན་པའི“གཏེར་ཁུངས་ཕྱུག་པོ”འདི་སྔོག་འདོན་གང་ལེགས་བྱེད་པ་དང་། ལས་སྒྲུབ་བྱེད་བཞིན་པའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་གནད་དོན་གྱི་ཁུངས་སྣེར་ཞིབ་འབྱེད་བྱས་ཏེ། གཙོ་གནད་ཁ་གསལ་ཡོང་བར་བྱེད་པ་དང་། དམིགས་གཏད་ཡོད་པའི་སྒོ་ནས་གནད་ལ་འཁེལ་བར་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་བྱ་བ་དེ་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་བསྟར་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱེད་པ་དང་། “རང་བཤེར་གུ་ཡངས་དང་གཞན་རྟོགས་ནན་གཅུན”གྱི་སྲིད་ཇུས་རྒྱ་ཁྱབ་ཏུ་དྲིལ་སྒྲོག་གསལ་འགྲེལ་བྱེད་དགོས་ལ། སེམས་གཏམ་བཤད་རེས་དང་གླེང་མོལ་བྱེད་རེས་ཀྱི་དམིགས་འབེན་རང་བཞིན་ཇེ་ཆེར་བཏང་ནས་ལྷོད་གཅུན་ཚད་ཡོད་སྒོས་སྲིད་ཇུས་བཀོལ་སྤྱོད་ཁོང་དུ་ཆུད་པར་བྱེད་པདང་ཐབས་ཇུས་ལེགས་པོར་བཟོ་དགོས། འཇོན་ཐང་ཅན་སྐོང་འཐེན་བྱས་ཏེ་སྤྱི་བདེ་དང་ཞིབ་དཔྱོད་སོགས་ལས་ཁུངས་དང་མཉམ་སྒྲུབ་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྱོད་དོན་བཟང་ཞིང་མགྱོགས་པའི་སྒོ་ནས་སྤུས་ཚད་མཐོན་པོས་རྩད་གཅོད་བྱེད་དགོས། གཅིག་གྱུར་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་གོང་འོག་མཉམ་འགུལ་དང་། གཅིག་གྱུར་ཤུགས་འདོན་བྱེད་པར་ཁག་ཐེག་བྱེད་དགོས་ལ། སྟོབས་ཤུགས་གཅིག་བསྡུས་ཀྱིས་འགག་སྒྲོལ་བྱེད་པ་དང་། ཁྲིམས་འཛིན་རུལ་སུངས་ལ་མཐའ་གཅིག་ཏུ་ཁྲིམས་བསྟར་ཆད་གཅོད་བྱས་ནས། སྲིད་ཁྲིམས་དཔུང་ཁག་བདེ་ཐང་ཡོང་བར་ནན་ཏན་གྱིས་སྲུང་སྐྱོང་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།