ཁོང་ཡུང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་བདེ་འཇགས་ཁོར་ཡུག་བཅོས་སྐྱོང་བྱ་བའི་གྲོས་ཚོགས་ལ་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་བདེ་འཇགས་ཁོར་ཡུག་བཅོས་སྐྱོང་བྱ་བའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་ལྕགས་ལམ་བདེ་འཇགས་ཁོར་ཡུག་བཅོས་སྐྱོང་བྱ་བའི་གྲོས་ཚོགས་ཀྱི་སྤྱིའི་བསྡུ་རུབ་པ་ཁོང་ཡུང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། 

ཁོང་ཡུང་གིས་བསྟན་དོན། ལྕགས་ལམ་འགྲམ་རྒྱུད་ཀྱི་བདེ་འཇགས་ཁོར་ཡུག་བཅོས་སྐྱོང་བྱ་བ་ལེགས་པོར་སྒྲུབ་པ་ནི། ལྕགས་ལམ་བདེ་འཇགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་།མགྱོགས་མྱུར་ངང་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་མ་ཟད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པའི་དོན་དངོས་ཀྱི་དགོས་མཁོ་ཡང་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ལྕགས་ལམ་བདེ་འཇགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་བ་དང་གནས་བབ་གསར་བར་གོ་བ་ཟབ་མོ་བླངས་ནས། ལྕགས་ལམ་བདེ་འཇགས་འཁོར་རྒྱུག་གི་གཏན་སྲོལ་དང་ཁྱད་ཆོས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱི་མཐོ་ཚད་ནས་ལྕགས་ལམ་འགྲམ་རྒྱུད་ཀྱི་བདེ་འཇགས་ཁོར་ཡུག་བཅོས་སྐྱོང་བྱ་བ་ལེགས་པོར་སྒྲུབ་དགོས་ཞེས་བསྟན། 

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སེམས་ཁྲལ་འདུ་ཤེས་མཐོར་འདེགས་དང་འགན་འཁྲི་འདུ་ཤེས་ཤུགས་དྲག་ཏུ་བཏང་ནས། ས་གནས་ཁོངས་གཏོགས་བཅོས་སྐྱོང་འགན་འཁྲི་དང་ཁེ་ལས་ཐོན་སྐྱེད་ཀྱི་གཙོ་གཞི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། མཉམ་འབྲེལ་གྲོས་ཚོགས་ཀྱི་གཅིག་གྱུར་མཐུན་སྦྱོར་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་བཅོས་སྐྱོང་བྱ་བར་སྐུལ་འདེད་གཏོང་དགོས། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་དང་ལྕགས་ལམ་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་སྤྱོད་བཅོས་སྐྱོང་གི་ལོ་ངོ་གསུམ་གྱི་འཆར་གཞིའི་བྱ་བ་དང་ཟུང་འབྲེལ་སྒོས། ལྕགས་ལམ་འགྲམ་རྒྱུད་ཀྱི་ཕྱིའི་ཁོར་ཡུག་བདེ་འཇགས་ཀྱི་ཉེན་ཁའི་བཅོས་སྐྱོང་ལ་ཤུགས་བསྣོན་དགོས། དཔྱད་ཞིབ་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ་བྱ་བའི་མཐུན་སྦྱོར་དང་འགན་སྲུང་སྒྲིག་སྲོལ་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་བཏང་ནས། ཁེ་ལས་ཀྱི་གཙོ་གཞི་དང་སྲིད་གཞུང་གི་ལྟ་སྐུལ་དོ་དམ། སྡེ་ཁག་མཉམ་ལས་ཀྱི་ལྕགས་ལམ་བདེ་འཇགས་ཕྱོགས་བསྡུས་དོ་དམ་བྱ་བའི་རྣམ་པ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།