ཐིན་ཅ་ཚའེ་དང་ལི་ཅེ་ཞང་། ཡན་པའེ་བཅས་ཀྱིས་མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་འདབས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཞིབ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས17ནས་ཚེས18ཉིན་བར། མཚོ་སྔོན་ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཐིན་ཅ་ཚའེ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཡན་པའེ་བཅས་ཀྱིས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་ཆེད་མཁས་པའི་སྣེ་ཁྲིད་དེ། “མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱ་ཐབས་སྤྱད་ནས་མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་འདབས་ཀྱི་ཆི་ལེན་རྫོང་དང་རྐང་ཚ་རྫོང་བཅས་སུ་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལ་ཞིབ་བཤེར་བྱས་པ་དང་། གནད་ཁེལ་ཇུས་བསྟར་དང་གནད་ཁེལ་ལྗང་གསོ་བྱེད་དགོས་པ་དང་། བརྒྱུད་རིམ་ཧྲིལ་བོར་ལྟ་རྟོག་དང་ལྷུ་ཚིགས་ཧྲིལ་བོར་ནན་འཛིན་བྱས་ནས་མུ་རི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཞིབ་བཤེར་ཚན་ཆུང་སྔ་རྗེས་སུ་ཆི་ལེན་རྫོང་མའོ་ལི་གྲོང་རྡལ་མཚོ་སྔོན་ཏུང་ལི་རྡོ་སོལ་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སི་ཏུའོ་ལུའོ་རྡོ་སོལ་གཏེར་ཁུལ་དང་། རྐང་ཚ་རྫོང་པད་མ་ལུང་བའི་རྡོ་སོལ་གཏེར་ཁ། ཟུར་གསུམ་གླིང་བྱེ་རྡོ་ར་བ་སོགས་སུ་བསྐྱོད་དེ། འཕེལ་རིམ་ལ་བལྟ་ཞིབ་དང་སྤུས་ཚད་ལ་ཞིབ་བཤེར་བྱས་ཏེ་ཕྱོགས་བསྡུས་བཅོས་སྒྲིག་གི་ཇུས་གཞི་འཆར་གཞི་དོན་འཁྱོལ་ནན་པོ་བྱས་མིན་དང་། བཀོལ་སྤྱོད་ཚད་ལྡན་ཡིན་མིན་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། ཡུལ་དངོས་སུ་ལས་དོན་མི་སྣ་དང་བསམ་བློ་བརྗེ་རེས་གཏིང་ཟབ་བྱས་ནས་སྲིད་གཞུང་སྡེ་ཁག་གིས་ཞིབ་བཤེར་མཛུབ་ཁྲིད་ལས་དོན་སྤེལ་ཚུལ་ལ་ཤེས་རྟོགས་བྱས། ནན་ཏན་གྱིས་གནད་དོན་གསེད་བཀྲོལ་དང་ཐུན་མོང་ཐོག་བརྟག་དཔྱད་དང་ཐུན་མོང་ཐོག་ཞིབ་བཤེར་བྱས་ནས་དུས་མཚམས་རྗེས་མའི་ལས་དོན་གྱི་ཚད་གཞི་བཏོན། མུ་རི་གཏེར་ཁུལ་དུ་ཞིབ་བཤེར་ཚོ་ཆུང་བཅོས་སྒྲིག་བྱ་ཡུལ་ཚང་མར་བསྐྱོད་དེ་དུས་མཚམས་སྔོན་མའི་ཞིང་ཆེན་རིམ་པའི་དཔྱད་ཞིབ་ཞིབ་བཤེར་རྩིས་ལེན་གྱི་གནད་དོན་དག་ཐེར་དང་རྩྭ་འདེབས་ལྗང་བསྒྱུར་གྲ་སྒྲིག་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ལས་ཡུལ་དངོས་ཀྱི་ཨར་ལས་ལག་རྩལ་ཚོགས་པ་དང་མཉམ་དུ་ལེགས་སྒྲིག་ཇུས་གཞི་གྲོས་བསྡུར་བྱས་ནས་བཅོས་སྐྱོང་འཕེལ་རིམ་ཁ་གསལ་བཟོས། མཚོ་ནུབ་དང་མཚོ་བྱང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་པོ་བྱེད་དང་ཚན་རིག་དང་མཐུན་པའི་མ་ལག་དང་། དངོས་ཤིང་ཞིབ་པའི་བྱེད་ཐབས་ཀྱིས་སེམས་ནུས་ཡོད་རྒུས་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་ཡག་པོར་སྒྲུབ་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།