ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་བསྟར་ཁོངས་གཏོགས་བཀོད་སྒྲིག་གིས་བགྲོད་ལམ་ཡུལ་སྐོར་འགྲུལ་སྐྱེལ་ཁྲིམས་འགལ་བྱ་སྤྱོད་ཀྱི་ཆེད་དོན་བཅོས་སྒྲིག་འགུལ་སྐྱོད་སྤེལ་མགོ་བརྩམས་ཤིང་། ནན་ཏན་གྱིས་བགྲོད་ལམ་སྐྱེལ་འདྲེན་བདེ་འཇགས་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་འགུལ་སྐྱོད་ལ་སྐུལ་འདེད་དང་། གྲུབ་འབྲས་ལྡན་པའི་སྒོ་ནས་ཡུལ་སྐོར་བདེ་འཇགས་ཉེན་ཁར་དོགས་ཟོན་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་རའི་སྒྲིམ་ལམ་ཚད་ལྡན་དུ་བཏང་།
ཐེངས་འདིའི་ཆེད་དོན་བཅོས་སྒྲིག་འགུལ་སྐྱོད་དེ་ཟླ4པ་ནས་ཟླ10པའི་བར་ཡིན་པ་དང་། གཙོ་གནད་འབུར་ཐོན་དང་རིམ་དབྱེ་ལག་བསྟར། ཕྱོགས་ཡོངས་ནས་བཅོས་སྒྲིག་བཅས་བྱེད་པ་མཐའ་འཁྱོངས་དང་། ཁྲིམས་འཛིན་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། མཉམ་འབྲེལ་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁེ་ལས་ཀྱི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་དང་། སྲིད་འཛིན་ཁྲིམས་འཛིན་འགན་འཁྲི་ལག་བསྟར། རྒྱུན་རྣམ་ཅན་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་བཅས་ཀྱི་བརྗོད་དོན་གཙོ་བོ་གསུམ་ལ་དམིགས་ནས་ཆོག་འཐུས་ཐོབ་ཐང་རྒྱུན་འཁྱོངས་དང་། འགུལ་རྣམ་ལྟ་སྐུལ་ཚོད་འཛིན་དང་ལྟ་སྐུལ་དོ་དམ། བདེ་འཇགས་གཉེར་སྐྱོང་ཁྲིམས་འཛིན། ཁྲིམས་འགལ་ཚོང་གཉེར་ལ་རྡུང་རྡེག རིམས་ནད་སྔོན་འགོག་ཚོད་འཛིན་དོན་འཁྱོལ་སོགས་ཕྱོགས་མང་པོའི་ཐད་ཀྱི་འབྲེལ་ཡོད་ལས་འགན་གཙོ་བོར་རེ་རེ་བཞིན་དམིགས་ནས། སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་རིག་གནས་ཁྲོམ་རའི་ཁྲིམས་འཛིན་སྒྲིག་གཞི་དང་མཉམ་འབྲེལ་ལ་སྔར་བས་ཤུགས་བསྣན་ཏེ། ཁྲིམས་འགལ་ངང་ཡུལ་སྐོར་བྱེད་པ་དང་ཁྲིམས་འགལ་ངང་རླངས་འཁོར་གླས་ནས་འགྲུལ་སྐྱེལ་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་ནས་རྒྱ་ཆེའི་ཚོང་གཉེར་བའི་ཁྲིམས་མཐུན་ཁེ་དབང་དང་ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་པ་ལྡན་པའི་ཁག་ཐེག་བྱེད་རྒྱུ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་སྔོན་ཞིང་ཆེན་གྱིས་བགྲོད་ལམ་ཡུལ་སྐོར་འགྲུལ་སྐྱེལ་གྱི་ཁྲིམས་འགལ་བྱ་སྤྱོད་ཆེད་དོན་བཅོས་སྒྲིག་འགུལ་སྐྱོད་སྤེལ་མགོ་བརྩམས།