མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྲོས་ཚོགས་ཐེངས73པ་ཟི་ལིང་དུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་།རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ཝེ། ཉའོ་ཁྲུན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་སུ་ཞུགས། 

གྲོས་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་དུག་འགོག་སྲོལ་ཡིག་འཆར་ཟིན་བཟོ་བཅོས་དང་། མཚོ་སྔོན་ཞིང་ཆེན་ཆོས་ལུགས་ལས་དོན་སྲོལ་ཡིག་འཆར་ཟིན་གྱི་ཐེངས་གཉིས་པའི་གྲོས་ཞིབ། མཚོ་སྔོན་ཞིང་ཆེན་ཚོང་གཉེར་ཁོར་ཡུག་ལེགས་བཅོས་སྲོལ་ཡིག་འཆར་ཟིན་གྱི་གྲོས་གཞི། མཚོ་སྔོན་ཞིང་ཆེན་གཙང་བོ་དང་མཚེའུ་དཔོན་ལམ་ལུགས་སྲོལ་ཡིག་འཆར་ཟིན་གྱི་གྲོས་གཞི་གྲ་སྒྲིག་གནས་ཚུལ་ཡར་ཞུ་བཅས་ལ་ཉན་པ་དང་། གྲོས་ཚོགས་ཀྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འབུ་སྲིན་ཐོན་ཁུངས་སྲུང་སྐྱོབ་དོ་དམ་སྲོལ་ཡིག》དང《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་བྱེ་མའི་ས་ཁུལ་གྱི་སྐྱེ་དངོས་སྲུང་སྐྱོབ་སྲོལ་ཡིག》གི་ཐག་གཅོད་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མཁར་གྲོང་གི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག་སྐོར་གྱི་བཟོ་བཅོས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག  ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་ཡོན་བྱ་སྤྱོད་སྐུལ་འདེད་སྲོལ་ཡིག  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ལག་བསྟར་བྱེད་པའི་གཉེན་སྒྲིག་ལོ་ཚོད་ཀྱི་གཏན་འཁེལ་དང་། རྟ་ཐང་ཧུའེ་རོགས་རང་སྐྱོང་རྫོང་འོས་འགན་སློབ་གསོའི་སྲོལ་ཡིག་གྲ་སྒྲིག་གནས་ཚུལ་གྱི་ཡར་ཞུ་བཅས་ལ་ཉན། ཀྲུའུ་རེན་གྲོས་ཚོགས་ཀྱིས་གོང་གི་གྲོས་དོན་དེ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་དོན་ཁྲོད་བཞག་ཅིང་། ཐེངས་རྗེས་མའི་ཀྲུའུ་རེན་གྲོས་ཚོགས་ལ་སྤྲད་དེ་གྲོས་ཞིབ་བྱེད་དུ་འཇུག་རྒྱུ་རེད།

གྲོས་ཚོགས་ཀྱིས་གཞུང་སྒྲུབ་ཐིང་གིས་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས25བའི་བསམ་འཆར་གྲོས་གཞི་དང་གྲོས་ཚོགས་བསྡུ་བའི་དུས་ཚོད་སྐོར་གྱི་སྙན་ཞུར་ཉན་པ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གིས2021ལོའི་ས་གནས་སྲིད་གཞུང་བུན་འཛིན་འགྲེམ་སྤེལ་དང་གཏོང་ཡོང་འགྲོ་གྲོན་སྔོན་རྩིས་སྐོར་གྱི་སྙན་ཞུ། 2020ལོའི་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོབ་དམིགས་འབེན་ལེགས་འགྲུབ་གནས་ཚུལ་དང་། ཁྲིམས་ལྟར་འབག་བཙོག་འགོག་བཅོས་མཁྲེགས་གཏོར་གནས་ཚུལ་སྐོར་གྱི་སྙན་ཞུ། མི་དོན་བསྐོ་འཇོག་གྲོས་གཞི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་གྱི་ཆེད་དོན་བློ་འདྲི་བྱ་བའི་ཇུས་གཞི་སོགས་ཀྱི་གྲ་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་དང་། ཀྲུའུ་རེན་གྲོས་ཚོགས་ཀྱིས་རྩ་དོན་སྟེང་གོང་གི་སྙན་ཞུར་ཡིད་འཐད་བྱུང་བ་དང་། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་དང་བྱ་བའི་ཨུ་ཡོན་ལྷན་ཁང་། གཞུང་སྒྲུབ་ཐིང་བཅས་ཀྱིས་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།