མཚོ་སྔོན་གྱི་ཕྱུགས་རིགས་དབར་གྱི་ཐུམ་འབུའི་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་དམིགས་ཚད་ཚང་མ་ཚད་བརྒལ་ངང་ལེགས་འགྲུབ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལྔ་བཅུ་གསུམ”གྱི་ཚུན་དུ། མཚོ་སྔོཞིང་ཆེན་ཡོངས་ཀྱི་ཕྱུགས་རིགས་དབར་གྱི་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་ཕན་འབྲས་མངོན་གསལ་ཡིན་ལ། ལོ་ལྔའི་རིང་ཁྱི་ཡི་འགོས་ཚད48.12%ནས0.6%བར་མར་ཆག་པ་དང་། ནོར་གྱི་འགོས་ཚད15.24%ནས4.47%བར་མར་ཆག་ལ། ལུག་གི་འགོས་ཚད19.59%ནས4.1%བར་མར་ཆག་པ་དང་།མིའི་བར་གྱི་འགོས་ཚད0.63%ནས0.18%བར་མར་ཆག་སྟེ། ཁྱོན་ཡོངས་ནས་སྔོན་དཔག་དམིགས་ཚད་ལས་བརྒལ་བ་དང་། ཕྱུགས་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་འགན་སྲུང་ལེགས་པོ་འདོན་སྤྲོད་བྱས། ཐུམ་འབུའི་ནད་ཀྱི་འབུ་སྒོང་གིས་སྐྱེ་ཁམས་ཁོར་ཡུག་ལ་སྦགས་བཙོག་ཐེབས་པའི་ཉེན་ཁ་ཇེ་ཉུང་དུ་སོང་བ་དང་།ནད་ཀྱི་རྐྱེན་པས་དབུལ་པོར་གྱུར་པ་དང་ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་ནུས་ལྡན་ཐུབ་པར་མ་ཟད། རོང་འབྲོག་པར་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པར་སྐུལ་འདེད་བཏང་།

ལོ་ལྔའི་རིང་།རང་ཞིང་གིས“ཁྱི་ཡི་འབུ་ལེན་པ་དང་། ལུག་ལ་རིམས་འགོག་བྱེད་པ། བདེ་ཐང་སློབ་གསོ་དང་གནོད་མེད་ཅན་དུ་བསྒྱུར་བ”གཙོ་བོར་བྱེད་པའི“གནས་བཞི་ཕུང་གཅིག”གི་མཚོ་སྔོན་གྱི་སྔོན་འགོག་ཚོད་འཛིན་བྱེད་སྟངས་གསར་སྐྲུན་བྱས་ཏེ། ནང་རྐྱེན་འཛུགས་པ་དང་།དཔེ་སྟོན་གསར་སྐྲུན། ལྟ་ཞིབ་ཚད་ལེན་དཔྱད་འཇོག་བྱེད་པ། ཚན་རིག་ཞིབ་འཇུག་སྒོས་གསོ་སྦྱོང་བྱེད་པ།དྲིལ་སྒྲོག་སློབ་གསོ།འགྲོ་གྲོན་འགན་སྲུང་སོགས་ཀྱི་ཕྱོགས་ནས་ཕྱུགས་རིགས་དབར་གྱི་ཐུམ་འབུའི་ནད་འགོག་བཅོས་བྱེད་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ་འགོག་བཅོས་ཀྱི་ཕན་འབྲས་ཇེ་མཐོར་བཏང་ཡོད།《མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་རིམས་འགོག་སྲོལ་ཡིག》དང《མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་བྱའི་བཤས་གཏོང་དོ་དམ་སྲོལ་ཡིག》བཏོན་ནས་ལག་བསྟར་བྱས་ཐོག ཕྱུགས་རིགས་དབར་གྱི་ཐུམ་འབུའི་ནད་ཁྲིམས་ལྟར་འགོག་བཅོས་བྱེད་པར་སྐུལ་འདེད་བཏང་བ་དང་། ཕྱུགས་རིགས་དབར་གྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བ་དེ་ཁྲིམས་སྐྱོང་ཅན་གྱི་སྒྲིག་ལམ་ནང་བཅུག་ནས། ཕན་ཡུན་རིང་བའི་འགོག་བཅོས་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་བཏང་ཡོད། རྒྱལ་ཡོངས་སུ་སྔོན་ལ་མཚོ་སྔོན་པོ་མཐའ་སྐོར་ས་ཁུལ་གྱི་ནོར་ལུག་རིམས་འགོག་དང་ཐུམ་འབུའི་ནད་མེད་པའི་ཁུལ་འཛུགས་མགོ་བརྩམས་ནས་འགོག་བཅོས་ཀྱི་ཕན་འབྲས་མངོན་གསལ་ཐོབ་ཡོད་པ་དང་། ནོར་ལུག་གི་འགོས་ཚད3%བར་མར་ཆག་ཡོད་པ་རེད། ཡུས་ཧྲུའུ་དང་དར་ལག རྨ་ཆེན་སོགས་གྲོང་ཁྱེར་དང་རྫོང14ཡིས་དཔེ་སྟོན་རྫོང་ཧུར་ཐག་གིས་གསར་སྐྲུན་བྱས་ནས་ཁྱི་དོ་དམ་དང་།འབུ་ལེན་པ། སྐྱེ་རྒྱུན་གཅོད་པ་སོགས་ཀྱི་ཕྱོགས་ནས་འདྲ་བཟོ་ཆོག་པ་དང་ཁྱབ་གདལ་བཏང་ཆོག་པའི་མགོ་ཁུངས་ཀྱི་ཚོད་འཛིན་བྱེད་སྟངས་ཆགས་ཡོད། མང་ཚོགས་ཀྱིས་སྔོན་འགོག་ཚོད་འཛིན་བྱེད་པར་ཤུགས་བརྒྱབ་ནས“ཁྱི་ཡི་འབུ་ལེན་པ་དང་ལུག་ལ་རིམས་འགོག་བྱེད་པ། ནོར་ལུག་གི་ནང་ཁྲོལ་ཁྱིར་མི་སྟེར་བ། ཟས་རློན་མི་ཟ་བ། ཆུ་ཁོལ་འཐུང་བ། ཟ་མ་མ་ཟོས་གོང་ལག་པ་འཁྲུ་བ”བཅས་ཕྱུགས་རིགས་དབར་གྱི་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་སྒྲིག་ལམ་བཟོས་ནས། ཟུར་མང་པོ་དང་རིམ་པ་མང་པོ། སྨྱན་མང་བཅས་ཀྱི་ལམ་ནས་དྲིལ་སྒྲོག་བྱས་ཐོག འགོག་བཅོས་ཤེས་བྱ་འབྲོག་ཁྱིམ་དུ་སྐྱོད་པ་དང་། སྡེ་བ་དང་གཞིས་ཁུལ་དུ་སྐྱོད་པ། སློབ་གྲྭར་སྐྱོད་པ། དགོན་སྡེར་སྐྱོད་པ། ལས་ཁུངས་སུ་སྐྱོད་པ་བཅས་ལ་རྒྱུན་མཐུད་ངང་སྐུལ་སྤེལ་བཏང་བས། སྤྱི་ཚོགས་ཡོངས་ཀྱིས་ཐུམ་འབུའི་ནད་འགོག་བཅོས་བྱེད་པའི་མཉམ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

སྡོམ་རྩིས་བྱས་པ་ལྟར་ན། 2015ལོའི་ཚུན་དུ། ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་སྒོ་ཁྱི་ཐེངས་ཁྲི240.88ཐོ་འགོད་བྱས་པ་དང་། ཁྱི་ལྡོམ་ཐེངས་ཁྲི21.56བརྟག་དཔྱད་བྱས་ལ། ཚད་ལྡན་འབུ་ལེན་ཐེངས་ཁྲི2629.4དང་།ནོར་ལུག་རིམས་འགོག་ཐེངས་ཁྲི2863.2། ཆེད་ལས་ལག་རྩལ་མི་སྣའི་གསོ་སྦྱོང་མི་ཐེངས་ཁྲི10.88། རོང་འབྲོག་མང་ཚོགས་མི་ཐེངས་ཁྲི268.21ལ་དྲིལ་སྒྲོག་བྱས་ཏེ་དགའ་བསུ་ཐོབ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།