ནགས་རྩྭ་སྐྱེ་ཁམས་དབུལ་སྐྱོར་གྱིས་རོང་འབྲོག་མང་ཚོགས་ཁྲི200ཙམ་ལ་ཁྱིམ་གྱི་སྒོ་ཁ་རུ་ལས་ཀར་ཞུགས་ནས་ཡོང་སྒོ་འཕར་དུ་བཅུག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས19ཉིན། གསར་འགོད་པས་རང་ཞིང་གི་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་མུ་འབྲེལ་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ནགས་རྩྭ་སྡེ་ཁག་གི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ5ཡི་རིང་ལ། མཚོ་སྔོན་གྱིས་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་ནགས་ཚལ་སྐྱེ་ཁམས་ཕན་ཁེ་ཁ་གསབ། རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་ལས་གཞི་ལ་བསྡོམས་པས་མ་རྩ་སྒོར་དུང་ཕྱུར222.1བཀོད་སྒྲིག་བྱས་ལ། གཞི་རྒྱ་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་མུའུ་ཁྲི2116.4(མུའུ1≈སྤྱི་ཆིང0.067)ལེགས་འགྲུབ་བྱུང་བ་དང་། ས་ནག་ཐང་མུའུ་ཁྲི712བཅོས་སྐྱོང་བྱས། རྩྭ་ཐང་ལ་གནོད་པ་ཡོད་པའི་སྐྱེ་དངོས་མུའུ་ཁྲི14033འགོག་བཅོས་བྱས་པ་དང་། ནགས་ལས་ལ་གནོད་པ་ཡོད་པའི་སྐྱེ་དངོས་མུའུ་ཁྲི1549.46འགོག་བཅོས་ཚོད་འཛིན་བྱས། མིས་བཟོས་རྩྭ་མུའུ་ཁྲི58བཏབ་པ་དང་། ཚད་རིམ་བར་མའི་རྩྭ་ཐང་ཞན་འགྱུར་ལེགས་བཅོས་བྱས་ཏེ་མུའུ་ཁྲི904གསབ་འདེབས་བྱས་ཤིང་། བྱེ་འགྱུར་ས་ཁུལ་བཀག་སྡོམ་བྱས་ནས་མུའུ་ཁྲི873.6སྲུང་སྐྱོབ་བྱས་ཏེ། མི་གྲངས་ཐེངས་ཁྲི200ཙམ་གྱི་རོང་འབྲོག་མང་ཚོགས་ལ་སྐུལ་ཁྲིད་བྱས་ཏེ་རང་གི་སྒོ་ཁ་རུ་ལས་ཀར་ཞུགས་ནས་ཡོང་སྒོ་འཕར་དུ་བཅུག

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའུ་ཡིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། “དབུལ་ཕོངས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་ཡང་དབུལ་སྐྱོར་ཡིན”ཞེས་པའི་དགོངས་དོན་བརྟན་པོར་བཙུགས་ནས། ནགས་རྩྭ་ལས་རིགས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་ཀྱིས་འདོན་སྤེལ་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་དབུལ་སྐྱོར་དང་སྐྱེ་ཁམས་འཛུགས་སྐྲུན་དབུལ་སྐྱོར། སྐྱེ་ཁམས་ཐོན་ལས་དབུལ་སྐྱོར། སྐྱེ་ཁམས་ཁ་གསབ་དབུལ་སྐྱོར་བཅས་སྡེབ་སྒྲིག་ཆ་བཞི་བཟོས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱིས་དབུལ་ཐར་འགག་སྒྲོལ་ལ་རོགས་སྐྱོར་བྱེད་པ་དང་དབུལ་ཐར་འགག་སྒྲོལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་སྤེལ་བྱེད་པའི“སྐྱེ་ཁམས་དབུལ་ཐར”གྱི་ལམ་བུ་ཞིག་ཆགས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་འགག་སྒྲོལ། དམངས་འཚོ་ལེགས་བཅོས་བཅས་ལ་རྒྱལ་ཁ་མང་པོ་ལེན་པ་མངོན་འགྱུར་བྱུང་།

དབུལ་ཕོངས་ཀྱི་ཚད་གཏིང་ཟབ་པ་དང་མང་ཚོགས་ཀྱིས་ཡོང་སྒོ་འཚོལ་དཀའ་བའི་ས་ཁོངས་ནི་རྒྱུན་པར་རྒྱང་ཐག་རིང་བའི་ནགས་ཁུལ་དང་འབྲོག་ཁུལ་རེད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྐྱེ་ཁམས་ཐོན་ཁུངས་དོ་དམ་སྲུང་སྐྱོབ་དང་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་རྐང་གསར་སྤེལ་དང་ཟུང་འབྲེལ་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་ཁྱིམ་ཚང་ཁྲོད་མི་ཁྲི4.99བདམས་ནས་ནགས་རྩྭའི་ཐོན་ཁུངས་ལ་དོ་དམ་དང་སྲུང་སྐྱོབ་བྱེད་དུ་བཅུག་ནས། ལོ་ལྔའི་རིང་བསྡོམས་པས་ངལ་ལས་གླ་ཆ་སྒོར་དུང་ཕྱུར39.6བྱིན་པ་དང་། ལོ་རེར་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་ཕལ་ཆེར་སྒོར་ཁྲི2ལ་སླེབས་ཤིང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་སྒོར་ཁྲི2.16ལ་སླེབས་ཏེ། དབུལ་ཕོངས་མི་གྲངས་ཁྲི18ཙམ་ལ་སྐུལ་ཁྲིད་བྱས་ཏེ་དབུལ་ཐར་མངོན་འགྱུར་བྱུང་བ་དང་། “མི་གཅིག་གིས་ནགས་བསྲུངས་ན། ཁྱིམ་གང་པོ་དབུལ་ཐར་ཡོང་བ”མངོན་འགྱུར་བྱུང་།

མཚོ་སྔོན་གྱི་མཐའ་ཡས་པའི་ས་གཞིའི་སྟེང་དུ། རི་རབ་ཡོངས་ཀྱིས་ལྗང་མདོག་གི་ལྭ་བ་མནབས། སྐྱེ་ཁམས་བཟོ་འགོད་ཀྱིས་མི་གྲངས་ཐེངས་ཁྲི176ཞུགས་པར་སྐུལ་ཁྲིད་བྱས་ཤིང་། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར4557ཡིན་པ་དང་། དེའི་ཁྲོད་ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་མི་གྲངས་ཐེངས་ཁྲི9ཡོད་ཅིང་། མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར3365ལ་སླེབས། མཚོ་སྔོན་གྱི་ས་ཁུལ་སོ་སོ་རུ་ནགས་སྐྲུན(རྩྭ་འདེབས)ཀྱི་ཆེད་ལས་མཉམ་ལས་ཁང387བསྐྲུན་ཡོད་ལ། དབུལ་ཕོངས་ཧྲེ་ཡོན་བསྡོམས་པས4768ལ་སྐུལ་ཁྲིད་བྱས་པ་དང་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར2852ལ་སླེབས། དེའི་ཁྲོད་སྡེ་བ་ཐུན་མོང་གིས་བཙུགས་པའི་ཆེད་ལས་མཉམ་ལས་ཁང27ཡོད་ལ། བསྡོམས་པས་ཡོང་སྒོ་སྒོར་ཁྲི205ཡོད་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།