བུད་མེད་ཕལ་བ་ཞིག་གི་རྒན་བཀུར་གཏམ་རྒྱུད།

ད་ལོར་ལོ35ལ་སླེབས་པའི་དཔལ་མཚོ་སྒྲོལ་མ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དཀར་བརྗིད་ཞང་སྔོ་རྒྱ་སྡེ་བའི་བུད་མེད་ཕལ་བ་ཞིག་རེད།

ཕལ་བའི་ཁྱིམ་དུ་སྐྱེས་པའི་བུད་མེད་ཕལ་བ་དེས་དཀའ་ཁག་གི་མདུན་དུ་ནམ་ཡང་ཕངས་སེམས་མེད་པར། སྡུག་བསྔལ་མཐའ་དག་སྤོབས་སེམས་སུ་བསྒྱུར་ནས་མི་ཡུལ་དུ་མཛའ་བརྩེ་དྲོན་མོའི་གཏམ་རྒྱུད་ཅིག་བྲིས། མོའི་ཡིད་འགུལ་བའི་གཏམ་རྒྱུད་དེའི་རྒྱབ་ཏུ་ཀྲུང་ཧྭ་མི་རིགས་ཀྱི་ཆེས་མཛེས་པའི་སྤྱོད་བཟང་སྟེ་རྒན་བཀུར་ཆུང་བྱམས་ཀྱི་སྲོལ་རྒྱུན་ལེགས་པོའི་འོད་སྣང་གིས་ཁེངས་ཡོད།

བུད་མེད་ཕལ་བ་དཔལ་མཚོ་སྒྲོལ་མས་ཉིན་ཁར་ཟླ་དང་། ཟླ་ཁར་ལོ་བརྩེགས་ནས་ནད་ཀྱིས་མནར་བའི་རྨོ་མོར་བདག་སྐྱོང་བྱས་པའི་དངོས་བྱུང་གཏམ་རྒྱུད་ཀྱིས་ལུང་ཁོག་དེར་གྲགས་འགུལ་མི་ཉུང་བ་ཞིག་བཟོས་མྱོང་། སྡེ་མི་སུར་ཐུག་ཀྱང་མོར་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་ཞིག་མེད་དེ། དེ་ནི་དཔལ་མཚོ་སྒྲོལ་མའི་རང་རྒྱུད་ཀྱི་བྱམས་སེམས་དང་སྙིང་རྗེ་ལ་འབྲེལ་ཞིང་། ཕྱོགས་གཞན་ཞིག་ནས་བཤད་ན། རྒན་རབས་པར་བདག་སྐྱོང་བྱེད་པའི་སྔོ་རྒྱ་སྡེ་བའི་སྲོལ་རྒྱུན་བཟང་པོས་མོར་བཞག་པའི་བག་ཆགས་ཀྱང་ཡིན་ངེས་ལ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་རྒྱུ་ནི་དཔལ་མཚོ་སྒྲོལ་མ་འདུས་པའི་ས་གནས་མང་ཚོགས་ཀྱི་འགན་འཁྲི་ཞིག་ཀྱང་ཅི་ལ་མིན།

འདི་ནས་ཡར་བརྩིས་པའི་མི་ལོ་སུམ་ཅུའི་སྔོན་ཏེ། ཏག་ཏག་དཔལ་མཚོ་སྒྲོལ་མ་ལོ་བཞི་ལ་བུད་པའི་ལོ་དེར། གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་རྟ་ནག་མ་སྡེ་བ་རུ་སློབ་གསོའི་བྱ་བ་གཉེར་བཞིན་པའི་ཕ་ལོ་དགུན་གནང་གི་དུས་ཚོད་མཇུག་རྫོགས་ནས་ཕྱིར་སློབ་གྲྭར་ལོག་པའི་ལམ་བར་དུ། འཕྲུལ་རྟར་འཁོར་བགེགས་བྱུང་སྟེ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་རེད། སྐབས་དེར་ཚེ་འདིར་ཕ་རུ་གྱུར་པའི་དྲིན་ཆེན་ཕ་ལོས་འཇིག་རྟེན་འདིར་ཕྱི་མིག་ཅིག་ཀྱང་མ་བལྟས་པར་ལང་ཚོ་དར་ལ་བབས་པའི་ཆུང་མ་དང་། ལོ་ན་བཞི་ཙམ་ལས་མེད་པའི་དཔལ་མཚོ་སྒྲོལ་མ་དང་མོའི་ནུ་མོ་བསྐྱུར་ནས་ཕྱི་མར་གཤེགས་པས། དཔལ་མཚོ་སྒྲོལ་མ་ཚང་ལ་མཚོན་ན་དེ་ནི་གནམ་བརྡིབས་པ་དང་ཁྱད་ཅི། ཡིད་སྐྱོ་བའི་གནས་ཚུལ་དེ་ཡིས་དཔལ་མཚོ་སྒྲོལ་མ་ཚང་དུས་ཡུན་རིང་པོ་ཞིག་ལ་མུན་ནག་གི་འཇིག་རྟེན་དེ་ལས་ཕྱིར་འབུད་མ་ཐུབ། ཡིན་ནའང་སྡུག་ལ་བརྗེད་རྒྱུ་མེད་རུང་རྙིང་རྒྱུ་ལོས་ཡོད་ཟེར་བ་ལྟར། མ་སྨད་གསུམ་པོས་འཚོ་བ་ལ་བསྐྱར་དུ་གོ་བ་བླངས་ཤིང་། དཀའ་ཁག་ལ་སེམས་ཀྱིས་གདོང་གཏད་དེ། ཁྱིམ་ཚང་དེའི་ཁག་ཁུར་ཐམས་ཅད་ཕྲག་ཏུ་བླངས་ཤིང་། དགུང་ལོ་དྲུག་ཅུར་ཉེ་བའི་སྤོ་བོ་དང་རྨོ་མོོར་བྱམས་སེམས་དྲོན་མོས་བདག་སྐྱོང་བྱས། དཔལ་མཚོ་སྒྲོལ་མས་ཁྱིམ་མགོ་ཐོན་པའི་དུས་ལ་ཨ་མ་སྐལ་བཟང་སྒྲོལ་མ་ཡང་དགོས་དབང་གིས་ཁྱིམ་ཐབ་བརྗེས་ནས་གནས་ཡུལ་འགྲིམས་པ་རེད།

སྐབས་དེར་ཁྱིམ་ཚང་སྐྱོང་བའི་འགན་འཁྲི་ཡོད་ཚད་ལོ་ན་གཞོན་པའི་དཔལ་མཚོ་སྒྲོལ་མའི་ཕྲག་སྟེང་དུ་བབས་པ་རེད། སྡུག་ལ་གདོང་གཏད་ནས་མ་འོངས་པའི་འཚོ་བར་ཡིད་ཆེས་ཀྱིས་འཚོ་དགོས་པ་ནི། ཆུང་དུས་ཕ་ལོ་འཇིག་རྟེན་གཞན་ལ་འགྲིམས་པའི་དོན་རྐྱེན་གྱི་གནོན་ཤུགས་དང་དེང་གི་སྲིད་ཇུས་ཀྱི་རོགས་རམ་དང་ཁྲིད་སྟོན་ལས་བྱུང་བའི་ནོར་བ་མེད་པའི་གདམ་ག་ཞིག་རེད། མོས་ཉིན་དང་མཚན་ལ་དབྱེ་བ་མེད་པར། ཟླ་དང་ལོ་མཐུད་དེ་ཁྲི་ཀ་རྫོང་དང་མཐའ་འཁོར་གྱི་ཁུལ་དང་རྫོང་དུ་སོང་ནས་སོ་ཕག་ཁུར་བ་དང་གཞུང་ལམ་ལས་པ་སོགས་ཞོར་ལས་ལ་འབད་ནས་ཡོང་སྒོ་བཙལ་ཅིང་། དེ་ལྟར་རིམ་བཞིན་ཁྱིམ་ཚང་གི་ཆ་རྐྱེན་ཡང་སྔོན་དང་བསྡུར་ན་ཇེ་རྒྱས་ཇེ་ལེགས་སུ་སོང་བས་སྡེ་བ་དང་ཁྱིམ་མཚེས་ཀྱི་གྲོགས་པོ་གྲོགས་མོ་ཡོངས་ཀྱི་མིག་དཔེར་གྱུར་ཡོད།

2009ལོ་སྟེ། དཔལ་མཚོ་སྒྲོལ་མ་མོ་ལོ23ལ་སླེབས་པའི་ལོ་དེ་ནི་མོར་མཚོན་ན་མི་སེམས་ལ་སྡུག་དང་རྟ་རྒྱབ་ཏུ་རྨ་བཏོད་པའི་ལོ་ཞིག་ཀྱང་ཡིན། མོ་རང་ནར་སོན་པའི་གོ་རིམ་ནང་རང་གི་ཉེ་མི་གཉིས་འཇིག་རྟེན་འདི་དང་ཁ་གྱེས་པའི་སྡུག་བསྔལ་བྱུང་སྟེ། ནད་ཀྱི་དབང་གིས་སྤོ་བོས་དཔལ་མཚོ་སྒྲོལ་མ་དང་རྨོ་མོ་གཉིས་བསྐྱུར་ནས་བུད་སོང་།

དཔལ་མཚོ་སྒྲོལ་མའི་སྤོ་བོ་ནད་ཀྱིས་ཚེ་ལས་འདས་པ་དང་བསྟུན། རྨོ་མོ་སངས་རྒྱས་མཚོས་དོན་དེར་སེམས་སྡུག་ཆེན་པོ་བྱས་ནས་ལུས་པོའི་གནས་ཚུལ་ཉིན་རེ་ལས་ཉིན་རེར་ཇེ་སྡུག་ཏུ་གྱུར།དེའི་རྗེས་ཡུན་རིང་མ་སོང་བར་དཔལ་མཚོ་སྒྲོལ་མའི་རྨོ་མོ་སངས་རྒྱས་མཚོར་ཡང་གློ་བུར་དུ་གྲིབ་སྐྱོན་གྱི་ནད་གཞི་ཕོག་སྟེ་ཉལ་སར་ལྷུང་བ་དང་། འཚོ་བར་རང་མགོ་ཐོན་པའི་ནུས་པ་མེད་པར་གྱུར་ཏེ་འགྲོ་འདུག་ཉལ་འཆག་ཚང་མར་ལྟ་སྐྱོང་བྱེད་མཁན་ལ་བརྟེན་དགོས་པ་བྱུང་། དཔལ་མཚོ་སྒྲོལ་མ་ཉིན་དཀར་རྣང་ཞིང་དང་བ་མོ་འཚོ་བའི་ལས་ལ་བྲེལ་ནས། དགོང་མོར་ཕྱིར་རང་ཁྱིམ་དུ་ལོག་ཚེ་དུས་དང་རྣམ་པ་ཀུན་ཏུ་གྲིབ་སྐྱོན་ཕོག་པའི་རྨོ་མོར་སྲི་ཞུ་སྒྲུབ་ཀྱིན་ཡོད།དབྱར་དུས་སུ་རྨོ་མོ་དུས་ཡུན་རིང་པོར་མལ་དུ་ཉལ་བ་དང་ལུས་ཡོངས་སྐྲངས་པས། དཔལ་མཚོ་སྒྲོལ་མས་རྨོ་མོའི་ལུས་ཡོངས་འཁྲུད་བཞིན་ཡོད་པ་དང་། དགུན་ཁར་རྨོ་མོར་ཟས་ཚན་དེ་ལྡུད་ཆེད་དུ་རང་ཉིད་ཀྱིས་ཁ་ལག་མ་ཟས་གོང་རྨོ་མོར་ཟས་ལྡུད་དགོས། དེ་ལྟར་མོས་བློ་གཅིག་སེམས་གཅིག་གིས་བསྙེན་བཀུར་བྱས་པ་དང་། འཁང་ར་དང་སྡུག་སྨྲེ་ཏོག་ཙམ་ཡང་མི་བྱེད་པར་ཞབས་ཞུ་ནན་ཏན་གྱིས་བསྒྲུབས་པ་རེད། མོར་མཚོན་ན་རྨོ་མོར་ཞབས་ཞུ་བསྒྲུབ་རྒྱུ་ནི་རང་གི་ལས་འགན་ཞིག་ཏུ་བརྩིས་ཡོད་པས། ད་ལྟའི་བར་དུ་གནོང་འགྱོད་སྤུ་ཙམ་ཡང་སྐྱེས་མྱོང་མེད་ལ། མོའི་སེམས་ནང་དུ་རྨོ་མོ་ལགས་ནི་རང་གི་ཨ་མ་ལས་གལ་ཆེ་ཞིང་མི་ཚེ་འདིའི་རྒྱུ་དང་ནོམ་པར་སྒོམ་བཞིན་ཡོད། །

དཔལ་འཚོ་སྒྲོལ་མས་གསར་འགོད་པར་བཤད་རྒྱུར། རྨོ་མོ་ནི་ངའི་མི་ཚེའི་རྟེན་ས་ཡིན་ཏེ། རྨོ་མོས་ང་བུ་མོ་བཞིན་དུ་བསྐྱངས་ནས་ནར་སོན་པ་རེད། ད་ལྟ་རྨོ་མོ་རྒ་བས་འཁོགས་ཏེ་ཉལ་སར་ལྷུང་དུས། ངས་རྨོ་མོར་བདག་སྐྱོང་ལེགས་པོ་བྱས་ཏེ་དྲིན་ལན་གཞལ་དགོས་ཟེར།

ང་ཚོས་གདོང་ལ་འཛུམ་གྱིས་ཁེངས་བཞིན་འཚོ་བའི་དཀའ་སྡུག་ལ་ཅི་མི་སྙམ་པའི་བུད་མེད་དེའི་བྱ་སྤྱོད་ལས། རྒན་བཀུར་ཆུང་བྱམས་ཀྱི་བླ་མེད་སྤྱོད་བཟང་མཐོང་ཐུབ་ལ། མོའི་འཚོ་བར་བཅངས་པའི་དགའ་ཞེན་དང་ཡིད་ཆེས་ལས་བུད་མེད་ཕལ་བ་ཞིག་གི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱང་མཐོང་ཐུབ་བོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།