དྭངས་གསལ་དུས་ཆེན་གྱི་གུང་གསེང་སྐབས་སུ་རང་ཞིང་གིས་ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར1.9བླངས་པ།

མེ་ཏོག་ལ་ལྟད་མོར་ལྟ་བ་དང་གྲོང་གསེབ་ཏུ་དཔྱིད་ཉུལ་བྱེད་པ་ནི་འདས་མ་ཐག་པའི2021ལོའི་དྭངས་གསལ་དུས་ཆེན་སྐབས་ཀྱི་ཆེས་བཟང་པོའི་ཡུལ་སྐོར་བྱེད་ཐབས་ཤིག་ཏུ་གྱུར་ཡོད། དྭངས་གསལ་དུས་ཆེན་གྱི་གུང་གསེང་སྐབས་སུ། མེ་ཏོག་ལ་ལྟད་མོར་ལྟ་བ་དང་དཔྱིད་ཉུལ་བྱེད་པ་བརྗོད་གཞི་ཡིན་པ་དང་། སྒེར་འཁོར་ཡུལ་སྐོར་དང་ཉེ་འཁོར་ཡུལ་སྐོར། རིག་དངོས་ཡུལ་སྐོར་གསུམ་གཙོ་བོ་ཡིན་པའི་རིག་གནས་ཡུལ་སྐོར་གྱི་རྫོང་སྟུག་པོ་ཞིག་ཆགས་འདུག་ལ། གསར་བརྗེའི་ཡུལ་སྐོར་དང་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་ལའང་གཞིས་དམངས་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པས། ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་བྱ་འགུལ་སྣ་མང་ཕུན་སུམ་ཚོགས།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་སྡོམ་རྩིས་བྱས་པ་ལྟར་ན། དྭངས་གསལ་དུས་ཆེན་གྱི་གུང་གསེང་སྐབས་སུ། རང་ཞིང་གིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི48.2སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར1.9བླངས། ཡོང་སྒོའི་མང་ཉུང་ན་ནིང་གི་དུས་མཉམ་ལས་ལྡབ3རེད། ན་ནིང་གི་དུས་མཉམ་དང་བསྡུར་ན། ད་ལོའི་དྭངས་གསལ་དུས་ཆེན་གྱི་གུང་གསེང་ནི་གྲོང་ཁྱེར་གྱི་སྤྲོ་གསེང་ཡུལ་སྐོར་དང་མཐའ་འཁོར་ཐག་ཉེའི་ཡུལ་སྐོར་གྱིས་སྣེ་ཁྲིད་པས་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཚོང་ཁྲོམ་རིམ་བཞིན་དར་དུ་བཅུག་ཡོད། ལྗོངས་ཁུལ་སོ་སོའི་ཡུལ་སྐོར་པའི་གྲུབ་ཚུལ་ནི་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་པ་གཙོ་བོ་ཡིན་པ་དང་། གྲོང་ཁྱེར་སྤྲོ་གསེང་ཡུལ་སྐོར་དང་མཐའ་འཁོར་ཐག་ཉེའི་ཡུལ་སྐོར་གཉིས་ཀྱི་བསྡུར་ཚད་ཇེ་མཐོར་གྱུར་ཡོད་པ་དང་། ཁྱིམ་ཚང་རང་བདག་ཡུལ་སྐོར་ནི་ཚོང་ཁྲོམ་གྱི་གཙོ་བོར་གྱུར་ཡོད།

“རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར་གྱིས་ཁྱེད་ལ་བསུ་མ་བྱེད”སོགས་ཀྱི་བྱ་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་དང་བསྟུན་ནས། རང་ཞིང་གི་ས་ཆ་སོ་སོས་གྲོང་གསེབ་ཡུལ་སྐོར་མ་ལག་གི་གཟིགས་སྐྱོང་སྲིད་ཇུས་དང་བརྗོད་དོན་བྱ་འགུལ་སྤེལ་བས། དཔྱིད་ཉུལ་འཐུ་བཏོག་དང་ཞིབ་འཇུག་སློབ་སྦྱོང་གི་ཚན་རྩལ་ཁྱབ་གདལ། དཔྱིད་ཀར་ཟས་མཆོག་འཚོལ་བ། རིག་གནས་ཉམས་ལེན་བྱེད་པ་སོགས་ཀྱི་གུང་གསེང་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཡུལ་སྐོར་པ་རྣམས་ལ་ངོ་མཚར་གྱི་དཔྱིད་ཀའི་ཡུལ་སྐོར་ནང་དོན་གྲ་སྒྲིག་བྱས་ཤིང་། ཡུལ་སྐོར་ཚོང་ཁྲོམ་བྲིན་ཚད་བརྟན་བརླིང་ངང་སླར་གསོ་བྱས། དེའི་ནང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དང་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་། ཁྲི་ཀ་རྫོང་། ཕེན་ཨན་ཆུས་སོགས་ཀྱི་ས་ཆ་ནི་གཞིས་དམངས་རྣམས་ཐག་ཉེ་ས་ནས་ཡུལ་སྐོར་བྱེད་ཡུལ་གཙོ་བོར་གྱུར་ཡོད།

གསར་བརྗེའི་ཡུལ་སྐོར་བསྟུད་མར་འཕར་བ།

2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པའི་ལོ་ཡིན། རང་ཞིང་གི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་གསར་བརྗེ་ཡུལ་སྐོར་གྱི་ལམ་ཐིག་བཟང་པོ་བཏོན་པས། ཡུལ་སྐོར་པ་མི་ཉུང་བ་ཞིག་གིས་གསར་བརྗེའི་ཡུལ་སྐོར་དང་གསར་བརྗེའི་རིག་གནས་ཉམས་ལེན་བྱེད་པའི་ལམ་ཐིག་བདམས་ནས་དྲན་པ་བསྐྱར་དུ་བཙལ་ཞིང་། ས་ཆ་སོ་སོ་ནས་གསར་བརྗེའི་ཡུལ་སྐོར་གྱི་མཐོ་རླབས་འཕྱུར།

ཧོང་ཀྲུང་ཆུས་མའོ་རོང་གནའ་གྲོང་ལྗོངས་ཁུལ་གྱི་ཉི་མ་དམར་པོའི་ལོ་རྒྱུས་དྲན་གསོ་ཁང་དུ་ས་ཆ་སོ་སོ་ནས་ཡོང་བའི་ཏང་ཡོན་དང་ཡུལ་སྐོར་པ་རྣམས་ཀྱིས་གསར་བརྗེའི་རིག་གནས་ལ་རོལ་མྱོང་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱེད་བཞིན་ཡོད། ཧོང་ཡོན་རྫོང་ཧི་ཕེན་ཞང་ཀའོ་ལེན་ཆུང་བ་སྡེ་བ་རུ་མི་ཚོགས་སྐོར་ཞིག་གིས་ཀའོ་ལེན་ཆུང་བའི་མི་དམངས་ཀྱི་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ལ་རོལ་མྱོང་བྱེད་བཞིན་ཡོད།

གསར་འགོད་པས་ཞེ་ཁྲེན་ཡུལ་སྐོར་གྱི་གཞི་གྲངས་ཆེན་མོའི་སྟེགས་བུ་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ3པའི་ཚུན་དུ། གསར་བརྗེ་ཡུལ་སྐོར་གྱི་མི་གྲངས་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་། དེའི་ཁྲོད་དུ་ཞུགས་མཁན་གྱི་ན་གཞོན་ཇེ་མང་ནས་ཇེ་མང་རེད། གསར་བརྗེའི་ཡུལ་སྐོར་གྱི་འགུགས་ཤུགས་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་བ་དང་བསྟུན་ནས། རང་ཞིང་གི་གསར་བརྗེའི་ཡུལ་སྐོར་ལྗོངས་ཁུལ་དང་ལྟད་མོ་ཁུལ་གྱི་ཡུལ་སྐོར་པ་སྣེ་ལེན་བྱེད་ཚད་ཀྱང་རིམ་བཞིན་ཇེ་མང་དུ་སོང་། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཧུང་ཀོང་སྡེ་བ་དང་གཅན་ཚ་རྫོང་སྣང་ར་སྟོང་དཔོན་གཞིས་ཀ་སོགས་ཀྱི་གསར་བརྗེའི་ཡུལ་སྐོར་ལྗོངས་ཁུལ་དུ་ཐོན་པའི་ཡུལ་སྐོར་པའི་གྲངས་ཀ་བསྟུད་མར་འཕར།

གྲོང་ཁྱེར་དང་ཁུལ་སོ་སོས་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་བཏང་དང་གཏང་རྒྱུ་རེད།

ཟླ3པ་ནས་ཟླ11པའི་བར། རང་ཞིང་གིས“རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར་གྱིས་ཁྱེད་ལ་བསུ་མ་བྱེད”ཅེས་པའི་མུ་འབྲེལ་རིག་གནས་ཡུལ་སྐོར་བྱ་འགུལ་སྤེལ་ནས། གཙོ་བོ“སྤྲིན་སྣེ”ཡི་རིག་གནས་ཡུལ་སྐོར་དང་། རིག་དངོས་བཤམས་སྟོན། གསར་བརྗེའི་ཡུལ་སྐོར་བཤམས་སྟོན་སོགས་རིགས18ཀྱི་རིག་གནས་བྱ་འགུལ20སྤེལ་ནས། དྲ་ངོས་དང་དྲ་ངོས་མ་ཡིན་པ་གཉིས་ནས་མཉམ་སྦྲེལ་མཉམ་སྒུལ་མངོན་འགྱུར་བྱེད་རྒྱུ་དང་། རྣམ་པ་མང་པོ་བརྒྱུད་ནས་རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་ཁྱད་ཆོས་འབུར་དུ་དོད་རྒྱུ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་སྐྱེད་སྲིང་བྱེད་རྒྱུ་རེད།

མཚོ་ཤར་གྲོང་ཁྱེར་གྱིས་གྲོང་གསེབ་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་དང་གྲོང་གསེབ་རིག་གནས་ཡུལ་སྐོར་ལམ་ཐིག རྨ་ཆུའི་ཡུལ་སྲོལ་ཡུལ་སྐོར་ལམ་ཐིག་སོགས་ཀྱི་ཡུལ་སྐོར་ལམ་ཐིག་བཟང་གྲས་བཏོན་པ་བརྒྱུད་ནས། གྲོང་གསེབ་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་ཕན་ཚུན་དུ་སྦྲེལ་བ་དང་། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐོན་ཁུངས་དེ་རང་བྱུང་མཛེས་ལྗོངས་དང་སྐྱེ་ཁམས་ཞིང་ལས་སོགས་དང་སྦྲེལ་ནས། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏང་རྒྱུ་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གྲོང་གསེབ་རིག་གནས་ཡུལ་སྐོར་བྱ་འགུལ་དང་མཚོ་སྔོན•རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ། མངོན་མིན་རིག་གནས་ཤུལ་བཞག་ལྗོངས་ཁུལ་དུ་བཤམས་སྟོན་བྱེད་པ་སོགས་ཀྱི་རིགས་ཆེན4ཡི་རིག་གནས་བྱ་འགུལ35སྤེལ་ནས། “ནུབ་ཕྱོགས་ལྷ་ཡི་ཞིང་ཁམས། ངོ་མཚར་སྟོང་ལྡན་གྱི་རྨ་ལྷོ”ཞེས་པའི་རང་བྱུང་ལྟད་མོ་དང་རིག་གནས་ཐོན་ཁུངས་ཁྱོན་ཡོངས་ནས་བཤམས་སྟེ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤོ་བསྒྱུར་རིམ་སྤར་ལ་སྐུལ་འདེད་གཏང་རྒྱུ་རེད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས“ཡུལ་སྐོར་པ་ཁྲི་ཕྲག་མཚོ་ནུབ་ཏུ་བསྐྱོད་པ”ཞེས་པའི་མཚོ་ནུབ(ཝུན་ཀྲོའུ)ཀྱི་སྐྱེ་ཁམས་ཡུལ་སྐོར་འོས་སྦྱོར་འདུ་ཚོགས་སྤེལ་བ་བརྒྱུད་ནས། ས་ཆ་གཉིས་ཀྱི་སྨན་བཅོས་ངལ་གསོ་ཁམས་གསོ་གསུམ་གྱི་སྒྲོམ་གཞི་གན་རྒྱ་དང་ཡུལ་སྐོར་པ་སྐྱེལ་བའི་གན་རྒྱ། ཡུལ་སྐོར་མཉམ་ལས་གན་རྒྱ་སོགས་བཞག ད་ལོར། མཚོ་ནུབ་ཁུལ་གྱིས་ད་རུང་སྨན་བཅོས་ངལ་གསོ་ཁམས་གསོའི་ལམ་ཐིག་དང་ཀན་སུའུ་མཚོ་སྔོན་གྱི་བསྐོར་ལམ་ལམ་ཐིག ལྷ་ལམ་རྒྱལ་སྤྱིའི་སྐྱེ་ཁམས་སྒེར་འཁོར་ཡུལ་སྐོར། འགུགས་ཤུགས་ལྡན་པའི་མཚོ་ནུབ་ཀྱི་བརྙན་ཕབ་ཡུལ་སྐོར་སོགས་བརྗོད་དོན་ལམ་ཐིག6དང་གཟིགས་སྐྱོང་སྲིད་ཇུས་བཏོན་ནས། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ཡུལ་སྐོར་པ་རྣམས་མཚོ་ནུབ་ཏུ་སོང་ནས་མཚོ་སྔོན་སྐྱེ་ཁམས་ཡུལ་སྐོར་གྱི་འགུག་ཤུགས་ལ་རོལ་མྱོང་བྱེད་དུ་འཇུག་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།