རི་ཆུ་ལ་བརྟེན་ནས་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པ།

ཞོགས་པའི་ཉི་རྩེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་འབའ་དགོན་ཞང་གི་རྩྭ་ཐང་དུ་འཕྲོས་རྗེས།ཐང་སྐྱིད་སྡེ་བའི་ཐུན་མོང་དཔལ་འབྱོར་དང་པོ་སྟེ།ཐང་སྐྱིད་སྡེ་བའི་སྒ་སྟོད་ཇོ་བོའི་ཁྱད་མཚར་དྭངས་ཆུ་ཚད་ཡོད་ཀུང་སིའི་ཆུ་ཐོན་འཁོར་ཁང་དུ་ཉིན་གཅིག་གི་བྱ་བའི་མགོ་བརྩམས།

“ད་ལྟ་ཆུ་ཐོན་འཁོར་ཁང་འཁོར་སྐྱོད་ཚོང་གཉེར་གྱི་ཚོད་ལྟའི་དུས་རིམ་དུ་ཡོད་པས། ངས་གནད་འགག་ཐུག་ས་རེ་རེར་ཞིབ་བཤེར་ནན་ཏན་བྱས་ཏེ།མངོན་མེད་རྐྱེན་ངན་དང་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས།”ཐང་སྐྱིད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་པཱ་པཱ་ཡིས་ཐོན་སྐྱེད་བྱས་པའི་ཆུ་ཟོ་ལ་ཞིབ་བཤེར་བྱེད་ཞོར་དེ་ལྟར་བཤད།

ཐང་སྐྱིད་སྡེ་བ་ནི་ཆུ་དམར་ལེབ་རྫོང་ཁོངས་ཤར་ཕྱོགས་ཀྱི་སྤྱི་ལེ100ཡི་མཚམས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་ལ་ཆ་སྙོམས་ཀྱིས་སྨི4000ལྷག་ཡོད།རྒྱང་རིང་ལུང་ཁུག་ཏུ་ཡོད་ལ། གནམ་གཤིས་ཀྱང་མི་བཟང་།འབའ་དགོན་ཞང་ཏང་ཨུའི་ཧྲུའུ་ཅི་ཝུན་ཧའེ་པིན་གྱིས་བཤད་རྒྱུར།“ལོ་མང་པོའི་རིང་ལ། འབྲོག་པ་ཚོར་ཡོང་འབབ་སྣ་གཅིག་ལས་མེད་དེ། ལོ་ཧྲིལ་པོར་དབྱར་རྩྭ་དགུན་འབུ་ཁོ་ནར་རེ་བ་བཅངས་ཡོད། འོན་ཀྱང་རྩྭ་ས་མེད་ལ་མི་གྲངས་མང་ཁར་འབྲོག་པ་མང་ཚོགས་ཀྱིས་ཞོར་ལས་བྱས་ཏེ་ལས་ཞུགས་བྱེད་པའི་འདུ་ཤེས་ཀྱང་ཞན་སྟབས།སྡེ་བའི་ཐུན་མོང་དཔལ་འབྱོར་གྱིས་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བཞིན་ཡོད་ནའང་། སྔར་བཞིན་ཞང་ཡོངས་ཀྱི་ཡོང་འབབ་ཆེས་དམའ་བའི་སྡེ་བ་རེད། སྡེ་བ་དབུལ་ཐར་བྱེད་དུ་འཇུག་ཆེད། ང་ཚོས་ཀྱང་ཐབས་ཤེས་གང་ཡོད་བཏོན་མྱོང”ཟེར།

ཐང་སྐྱིད་སྡེ་བའི་ཐུན་མོང་དཔལ་འབྱོར་དེ་ཞང་ཡོངས་ཀྱི་འཕེལ་རྒྱས་ཀྱི་རྗེས་ཆོད་དུ་འཇུག་ཆེད།ཐང་སྐྱིད་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཡང་དང་བསྐྱར་དུ་གྲོས་བསྡུར་བྱས་པ་དང་། སྡེ་དམངས་ཚོགས་ཆེན་ཐེངས་འགར་བསྡུས་པ་བརྒྱུད། འབྲོག་པ་མང་ཚོགས་ཀྱི་བསམ་པའི་འདུ་ཤེས་རིམ་གྱིས་བསྒྱུར། 2019ལོར། ཐང་སྐྱིད་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་སྡེ་བའི་འབྲོག་དམངས་ཡོངས་ཀྱིས་མཇུག་མཐར་སྒ་སྟོད་ཇོ་བོའི་ཆུའི་ཐོན་ཁུངས་ལ་བརྟེན་ནས་ཆུ་ཡི་བཟོ་གྲྭ་འཛུགས་རྒྱུའི་གྲོས་ཐག་བཅད།

ཡིན་ནའང་དྲན་ཚུལ་ཡོད་པ་ཙམ་གྱིས་ག་ལ་ཆོག སྒ་སྟོད་ཇོ་བོའི“རི་མིང་གྲགས་ཅན་གྱི་ནུས་པ”སྤྱད་ཆོག་མོད། འོན་ཀྱང་མ་དངུལ་གྱིས་མི་འདང་བ་དང་།ལག་རྩལ་ཞན་པ་བཅས་ཀྱི་དཀའ་ཁག་མང་པོ་ཞིག་གིས་ཁོ་ཚོ་སྔར་བཞིན་ཅི་བྱ་གཏོལ་མེད་དུ་གྱུར།

བསམ་བློ་ཞིབ་རྒྱས་བཏང་རྗེས་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིས་ཞང་ཏང་ཨུ་བཙལ་ཏེ་མ་དངུལ་གྱི་རོགས་སྐྱོར་དང་ལག་རྩལ་གྱི་རྒྱབ་སྐྱོར་དགོས་པའི་རེ་བ་བཏོན།ཞང་ཏང་ཨུ་དང་སྲིད་གཞུང་གིས་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས། ཧུར་ཐག་གིས་པེ་ཅིན་གྱི་རོགས་སྐྱོར་ལས་ཁུངས་དང་འབྲེལ་མཐུད་བྱས་ཏེ།མ་དངུལ་གྱི་རྒྱབ་སྐྱོར་བཙལ། མཐར་པེ་ཅིན་གྱི་རོགས་སྐྲུན་ལས་གཞིའི་མ་དངུལ་སྒོར་ཁྲི55དངོས་འབེབས་བྱས། ཕྱིས་སུ་ཡང་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པའི་ལས་གཞིའི་མ་དངུལ་སྒོར་ཁྲི40དང་། རྫོང་དྲག་ཆས་པུའུ་ཡིས་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་ཁྲི25བཅས་ལ་བརྟེན་ཏེ། བསྡོམས་པས་སྒོར་ཁྲི120ཡི་འཛུགས་སྐྲུན་མ་དངུལ་བསྡུས། མ་དངུལ་འཛོམས་རྗེས། ཐང་སྐྱིད་སྡེ་བས་སྒ་སྟོད་ཇོ་བོའི་འདབས་ནས་ས་གནས་བདམས་ཤིང་། 2019ལོའི་ཟླ6པ་ནས་མགོ་བརྩམས་ཏེ། ཚང་མས་སེམས་ཤུགས་གཅིག་སྒྲིལ་ངང་ས་བབ་མཐོ་བའི་ས་ཁུལ་དུ་རྒྱུ་ཆ་དཀོན་པ་དང་གནམ་གཤིས་བཙོག་པའི་དཀའ་བ་ཁྱད་དུ་བསད་དེ། གོམ་པ་རེ་རེ་བྱས་ནས་བཟོ་གྲྭ་བཙུགས།

བཟོ་གྲྭ་བཙུགས་མོད། འཇོན་མི་དང་ལག་རྩལ་དཀོན་པ་དེ་ཡང་གནད་དོན་གསར་པར་གྱུར། དཀའ་གནད་སེལ་ཆེད།ཞང་ཏང་ཨུ་དང་སྲིད་གཞུང་གིས་ཡང་བསྐྱར་ཕྱོགས་སོ་སོར་རོགས་རམ་དགོས་པའི་རེ་བ་ཞུས་མཐར། ཞིང་ཆེན་རྩ་འཛུགས་ལས་ཁུངས་ཀྱི་མཐུན་སྦྱོར་འོག ཞིང་ཆེན་ཡོངས་ཀྱི“གཙང་གསུམ་འབྱུང་ཡུལ་དུ་ཤེས་རིག་བསྡུས་ཏེ།མཚོ་སྔོན་གསར་པར་ནུས་ཤུགས་འདོན་རོགས་བྱེད་པ”ཞེས་པའི་མཚོ་སྔོན་གྱི་འཇོན་མིའི་ལས་གཞིའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་དང་པོའི་སྟེང་། པེ་ཅིན་ཡུས་པིང་ཆུ་བེད་རྩད་ཞིབ་ཐིག་ལེན་ཚད་ཡོད་ཀུང་སི་དང་ལག་རྩལ་རོགས་སྐྱོར་གྱི་མཉམ་ལས་ལས་གཞིར་མིང་རྟགས་བཀོད།

2020ལོའི་ཟླ8པར།ཐང་སྐྱིད་སྡེ་བའི་ཐུན་མོང་དཔལ་འབྱོར་ཐོག་མ་སྟེ། ཐང་སྐྱིད་སྡེ་བའི་སྒ་སྟོད་ཇོ་བོའི་ཁྱད་མཚར་དྭངས་ཆུ་ཚད་ཡོད་ཀུང་སིས་འཁོར་སྐྱོད་ཚོང་གཉེར་གྱི་ཚོད་ལྟ་བྱེད་མགོ་བརྩམས།

ཝུན་ཧའེ་པིན་གྱིས་བཤད་རྒྱུར།བཟོ་གྲྭས་འཁོར་སྐྱོད་ཚོང་གཉེར་གྱི་ཚོད་ལྟ་བྱེད་མགོ་བརྩམས་པ་དང་བསྟུན་ནས། གྲོང་གསེབ་ཐུན་མོང་དཔལ་འབྱོར་རྒྱུ་མང་ཅན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་ཐུབ་པར་མ་ཟད། ཐང་སྐྱིད་སྡེ་བའི་དུད་ཁྱིམ་མང་པོ་ཞིག་ལ་རྩྭ་ས་མེད་པ་དང་མང་ཚོགས་ཀྱི་ཡོང་འབབ་གཅིག་རྐྱང་ཡིན་པའི་དཀའ་ངལ་བསལ་བ་དང་། ཆུའི་བཟོ་གྲྭ་གཏན་འཇགས་ངང་འཁོར་སྐྱོད་བྱས་རྗེས་སྡེ་བའི་ནང་གི་ཚགས་བཙུགས་བྱང་སྒྲིག་གི་དབུལ་ཁྱིམ་བཟོ་གྲྭར་བཀོད་སྒྲིག་བྱས་ཏེ། ཁོ་ཚོར་བརྟན་འཇགས་ཀྱི་ཡོང་འབབ་ཞིག་ཡོད་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

སྒ་སྟོད་ཇོ་བོའི་ཁྱད་མཚར་དྭངས་ཆུ་ཚད་ཡོད་ཀུང་སི་བཙུགས་པ་དེས། ཐང་སྐྱིད་སྡེ་བའི་འབྲོག་དམངས་ཀྱིས་ཕྱུག་བསྒྱུར་དང་ཡོང་འབབ་ཇེ་མང་དུ་གཏོང་བར་གོམ་གང་མདུན་སྤོས་ངང་སྐུལ་ཁྲིད་བྱས་པའི་དུས་མཚུངས་སུ། ས་དེ་གའི་འབྲོག་པ་མང་ཚོགས་ཀྱི་རྗེས་ལུས་ཀྱི་བསམ་བློའི་འདུ་ཤེས་ལའང་འགྱུར་བ་ཟབ་མོ་ཐེབས།

དྭངས་ཆུ་ཚད་ཡོད་ཀུང་སིའི་དོ་དམ་མི་སྣའམ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་པཱ་པཱ་ཡིས་བཤད་རྒྱུར།“འཁོར་སྐྱོད་ཚོང་གཉེར་གྱི་ཚོད་ལྟའི་དུས་རིམ་ནང་། ཚོང་ལམ་ད་དུང་ཕྱེས་མེད་པས། ཉིན་རེར་ཆུ་ཟོ་སྟོང་ལྷག་མ་གཏོགས་ཐོན་སྐྱེད་བྱེད་ཀྱིན་མེད་མོད།འོན་ཀྱང་མིག་སྔའི་ཚོང་རའི་དགོས་མཁོར་གཞིགས་ན།མ་འོངས་པར་ལོ་རེའི་ཁེ་བཟང་སྒོར་ཁྲི5-10ཡས་མས་སུ་བསླེབ་ངེས་རེད”ཟེར།

དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན་དུ། འབའ་དགོན་ཞང་གིས་ཐོག་མཐའ་བར་གསུམ་དུ“མང་ཚོགས་དབུལ་ཐར་བྱེད་དུ་འཇུག་པ་ནི་གོམ་པ་དང་པོ་དང་།ཕྱུག་འགྱུར་ནི་ང་ཚོའི་རྩ་བའི་དམིགས་འབེན་ཡིན”ཞེས་པ་འཕེལ་རྒྱས་ཀྱི་བརྗོད་གཞིར་བཟུང་སྟེ། ཏང་འཛུགས་སྐྲུན་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ་གཙོ་ཐིག་ཏུ་འཛིན་པ།སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པའི་བཟོ་འགོད་བེད་སྤྱོད་གང་ལེགས་བྱེད་པ་དང་འབྲེལ་མཐུད་རོགས་སྐྱོར་ལས་ཁུངས་མཉམ་འཛུགས་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། སྡེ་བ་གསུམ་གྱི་ཐུན་མོང་དཔལ་འབྱོར་དང་དེ་མིན་ཐོན་ལས་སོ་སོའི་འཕེལ་རྒྱས་ཀྱི་གནས་བབ་ཇེ་ལེགས་སུ་བཏང་།

པཱ་པཱས་ཡིད་ཆེས་དང་བཅས་བཤད་རྒྱུར།ཆུའི་བཟོ་གྲྭ་ནི་གོམ་པ་དང་པོ་ཡིན། ད་ལྟ་ང་ཚོའི་སྡེ་བར་ཆུའི་བཟོ་གྲྭ་སྒྲུབ་པའི་ཉམས་མྱོང་ལྡན་པས།རྗེས་མར་ང་ཚོས་མུ་མཐུད་དུ་སྒ་སྟོད་ཇོ་བོའི་སྤུས་ལེགས་པའི་རང་བྱུང་ཐོན་ཁུངས་དང་ང་ཚོ་རང་སྟེང་གི་ཁྱད་ཆོས་ལ་བརྟེན་ཞིང་།ཆུའི་བཟོ་གྲྭའི་ཡོང་འབབ་སྤྱད་དེ། ཕྱུག་འགྱུར་གྱི་ལམ་ཁ་གསར་པ་བཙལ་ཐོག སྡེ་མི་ཡོངས་ལ་སྒོར་མོ་སྔར་ལས་མང་པོ་འཚོལ་བ་དང་། འཚོ་བ་སྔར་ལས་སྐྱིད་པོ་རོལ་དུ་འཇུག་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།