མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་རྫོང་།ཤང་གི་སྐབས་བརྗེའི་དར་སྲོལ་ལྟ་སྐུལ་མཛུབ་སྟོན་བྱ་བར་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་། ཤང་གི་སྐབས་བརྗེའི་དར་སྲོལ་ལྟ་སྐུལ་མཛུབ་སྟོན་བྱ་བར་བཀོད་སྒྲིག་བྱས།

ཚོགས་འདུའི་བཀོད་སྒྲིག་ལྟར། དེ་རིང་ནས་བཟུང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་སོ་སོ་སྔ་རྗེས་སུ་གྲོང་ཁྱེར་དང་ཁུལ་སོ་སོར་སོང་ནས་བྱ་བ་སྤེལ་བ་དང་། ཟླ4པའི་ཟླ་མཇུག་བར་དུ་སྐོར་རིམ་དང་པོའི་སྐོར་བསྐྱོད་ལྟ་སྐུལ་མཛུབ་སྟོན་ལེགས་འགྲུབ་བྱེད་རྒྱུ་རེད། སྐབས་བརྗེའི་ལྟ་སྐུལ་མཛུབ་སྟོན་བྱ་བ་དོན་འཁྱོལ་ཡོང་བ་དང་། དྲིལ་སྒྲོག་སློབ་གསོ་དང་ཉེན་ཁའི་རྩད་ཞིབ། སྒྲིག་ཁྲིམས་ལག་བསྟར་གྱི་དམིགས་འབེན་བླང་བྱ། དེ་མིན་དར་སྲོལ་ལེགས་པའི་སྐབས་བརྗེའི་ཁོར་ཡུག་ཅིག་གསར་སྐྲུན་བྱེད་པར་ཁག་ཐེག་བྱ་ཆེད།《མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་རྫོང་། ཤང་གི་སྐབས་བརྗེའི་སྒྲིག་ཁྲིམས་དང་། སྐབས་བརྗེའི་དར་སྲོལ་ལྟ་སྐུལ་མཛུབ་སྟོན་བྱ་བ་གཟབ་ནན་བྱེད་པའི་ལག་བསྟར་བྱ་ཐབས》ཀྱི་བླང་བྱ་ལྟར། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐིང་རིམ་པའི་ལས་བྱེད་ཀྱིས་ཚན་ཆུང་གི་མགོ་གཙོའི་འགན་ཁུར་བ་དང་། སྐབས་བརྗེའི་བྱ་བའི་འབྲེལ་ཡོད་ལས་ཁུངས་ཀྱི་ལས་བྱེད་པ་ཁོངས་མི་ཡིན་པའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང8ཀྱིས་གྲོང་ཁྱེར་དང་རྫོང་། ཤང་གི་སྐབས་བརྗེའི་དར་སྲོལ་ལ་ལྟ་སྐུལ་མཛུབ་སྟོན་བྱས། ལྟ་སྐུལ་མཛུབ་སྟོན་བྱ་བར་སྐོར་བསྐྱོད་ལྟ་སྐུལ་མཛུབ་སྟོན་དང་། ཡུལ་དངོས་ལྟ་སྐུལ་མཛུབ་སྟོན། དེ་མིན་ཆེད་དོན་ལྟ་སྐུལ་མཛུབ་སྟོན་བཅས་སུ་བགོས་ཤིང་། སྐོར་བསྐྱོད་ལྟ་སྐུལ་མཛུབ་སྟོན་གྱིས་གཙོ་བོ་སྐབས་བརྗེའི་དར་སྲོལ་འགན་འཁྲི་དོན་འཁྱོལ་དང་།སྐབས་བརྗེའི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ། ལས་བྱེད་འདེམས་བསྐོའི་སྒྲིག་སྲོལ་གཏན་འཁེལ་དོན་འཁྱོལ། སྐབས་བརྗེའི་དར་སྲོལ་གྱི་སྤྱིའི་གནས་ཚུལ་བཅས་སུ་བགོས་ཡོད་ཅིང་། ཡུལ་དངོས་ལྟ་སྐུལ་མཛུབ་སྟོན་གྱིས་གཙོ་བོ་གྲོང་ཁྱེར་དང་ཁུལ། རྫོང(གྲོང་ཁྱེར་དང་།ཆུས)། ཤང་གྲོང་བཅས་ཀྱི་སྐབས་བརྗེའི་འདེམས་བསྐོའི་བྱ་བ་དང་དེ་མིན་སྐབས་བརྗེའི་འདེམས་བསྐོའི་དར་སྲོལ་བཅས་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་། ཆེད་དོན་ལྟ་སྐུལ་མཛུབ་སྟོན་ནི་འབྲེལ་ཡོད་གནས་ཚུལ་ལ་གཞིགས་ནས་འོས་འཚམས་ཀྱི་དུས་སྐབས་སུ་སྤེལ་དགོས། ལྟ་སྐུལ་མཛུབ་སྟོན་བྱ་བས་ཚན་པ་དང་རིམ་བགོས་ཟུང་འབྲེལ། སྐོར་བསྐྱོད་ལྟ་སྐུལ་མཛུབ་སྟོན་དང་ཡུལ་དངོས་ལྟ་སྐུལ་མཛུབ་སྟོན་ཟུང་འབྲེལ་བྱེད་པ། མངོན་བཤེར་དང་ལྐོག་བཤེར་ཟུང་འབྲེལ་བྱེད་པ་སོགས་ཀྱི་རྣམ་པས་སྤེལ་རྒྱུ་ཡིན་ཞིང་། གྲོང་ཁྱེར་དང་ཁུལ་རེ་རེར་མ་མཐའ་ཡང་སྐོར་རིམ3གྱི་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་། གྲོང་ཁྱེར་དང་ཁུལ་གྱི་སྐོར་རིམ་རེའི་བྱ་བ་ཉིན10ཡས་མས་ཡིན་ཞིང་། ལྟ་སྐུལ་མཛུབ་སྟོན་མཇུག་མ་སྒྲིལ་སྔོན་དུ་ལྟ་སྐུལ་མཛུབ་སྟོན་བྱས་པའི་ས་ཁུལ་དུ་ལན་སློག་བསམ་འཆར་འདོན་རྒྱུ་ཡིན་པ་མ་ཟད། ལྟ་སྐུལ་མཛུབ་སྟོན་བྱས་ཏེ་ལེགས་བཅོས་བྱེད་དུ་འཇུག་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།