ཉི་མ་སྒྲོལ་མས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་སུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་རིམ་པས་སྣེ་ཁྲིད་དེ་གཙོ་གནད་ལས་གཞིར་སྐུལ་འདེད་གཏོང་བའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ4བོའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཉི་མ་སྒྲོལ་མ་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་སུ་སོང་ནས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་འཛུགས་སྐྲུན་ལ་ལྟ་སྐུལ་མཛུབ་སྟོན་བྱས་ཤིང་། ཁོ་མོས་བསྟན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོ་དང་འགན་འཁྲི་ཤུགས་དྲག་ཏུ་བཏང་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ། མདོ་ལ་རི་བོའི་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན། 

ཉི་མ་སྒྲོལ་མས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱིས་བྱ་བ་མང་པོ་སྒྲུབ་པས། བཟོ་སྐྲུན་འཛུགས་སྐྲུན་ཐད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ལས་གཞི་ས་ཁུལ་གྱི་སྐྱེ་ཁམས་བྱེད་ནུས་མུ་མཐུད་དུ་མཐོར་འདེགས་སོང་ཞིང་། སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ལེགས་བཅོས་སོང་ཡོད་ཅེས་བསྟན།

ཉི་མ་སྒྲོལ་མས་ནན་གྱིས་བསྟན་དོན། མདོ་ལ་རི་བོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་གལ་ཆེན་ཞིག་ཡིན་ཞིང་། འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱིས་ལངས་ཕྱོགས་མཐོན་པོས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཆེས་ཆེ་བ་གསུམ”དང“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པར་གྲོས་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དངོས་ཡོད་བྱེད་སྟངས་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བྱས་ཏེ། འགན་འཁྲི་ཤུགས་དྲག་དང་དོན་འཁྱོལ་ནན་འཛིན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་དུས་རིམ་དང་པོའི་བཟོ་སྐྲུན་མཇུག་སྒྲིལ་བར་སྐུལ་འདེད་བཏང་སྟེ། རང་ལ་ཞིབ་བཤེར་དང་དཔྱད་འཇོག་བྱས་ནས། རྒྱལ་ཁབ་ཀྱི་ཞིབ་བཤེར་ཆོག་མཆན་ཐོབ་པར་ཁག་ཐེག་བྱེད་དགོས། དུས་མཚུངས་སུ། དུས་རིམ་གཉིས་པའི་འཆར་འགོད་སྒྲིག་བཟོ་དམ་འཛིན་བྱེད་པ་དང་། མ་དངུལ་འགན་སྲུང་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ལས་གཞིའི་འཛུགས་སྐྲུན་གྱི་ལས་འགན་སོ་སོ་ལེགས་འགྲུབ་བྱས་ཏེ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད། དེ་མིན“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་དུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།