ཀྲང་ཀོང་རོང་གིས་མཚོ་ཤར་གྱི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་རྫོང་དང་ཞང་དམངས་ཆེན་གྱི་སྐབས་བརྗེ་བྱ་བ་དང་འཐུས་མིའི་འབྲེལ་འདྲིས་ཁང་དང་འཐུས་མིའི་ལས་སྒྲུབ་ཁང་། འཐུས་མིའི་དྲ་ཐོག་འགན་སྒྲུབ་སྟེགས་བུ་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས། སྤུས་ཚད་མཐོན་པོས་སྐབས་བརྗེ་འདེམ་བསྐོ་བྱ་བ་སྤེལ་དགོས། རིམ་པ་སོ་སོའི་དམངས་ཆེན་གྱིས་རྫོང་དང་ཞང་རིམ་པ་གཉིས་ཀྱི་དམངས་ཆེན་གྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བཙུགས་ཏེ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དགོས། བྱ་བའི་གནད་འགག་སར་དམ་འཛིན་བྱེད་པ་དང་། འཐུས་མིའི་མི་འདེམ་གྱི་ཆབ་སྲིད་འགག་སྒོ་དང་བྱང་ཚད་འགག་སྒོ གྲུབ་ཚུལ་འགག་སྒོ་དམ་སྲུང་བྱས་ནས། དམངས་ཆེན་འཐུས་མིའི་སྔོན་ཐོན་རང་བཞིན་དང་གྲུབ་ཚུལ་རང་བཞིན། འཐུས་ཚབ་རང་བཞིན། རྒྱ་ཆེ་རང་བཞིན་ལ་ཁག་ཐེག་བྱེད་དགོས། ཁྲིམས་བཀོད་དུས་ཚོད་གཏན་ཁེལ་ནན་མོ་བྱེད་པ་དང་། ཁྲིམས་ལྟར་འདེམ་ཁུལ་བགོ་བ་དང་འདེམ་དམངས་ཐོ་འགོད། འདེམ་ཤོག་འཕེན་པ། སྒྲིག་ལམ་ལྟ་ཞིབ། བྱ་བར་ལྟ་སྐུལ་བྱེད་པ། གླེང་ཕྱོགས་དྲིལ་སྒྲོག་སོགས་བྱ་བ་བཟང་བོར་བསྒྲུབ་པ། འདེམ་དམངས་འདེམ་བསྐོ་ཁྲོད་ཞུགས་ཚད་མཐོ་བ་དང་། བྱ་བའི་རྒྱུད་རིམ་ཚད་གཞི་དང་ཁྲིམས་དང་མཐུན་པ། སྐབས་བརྗེའི་སྒྲིག་ལམ་དམ་པར་ཁག་ཐེག་བྱེད་པ་དང་། སྤྱོད་གཙང་སྲོལ་བཟང་གིས་འཐུས་མི་བཟང་བོ་དང་ཚན་ཁག་བཟང་བོ་བདམས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། འཐུས་མིའི་འབྲེལ་འདྲིས་ཁང་དང་འཐུས་མིའི་ལས་སྒྲུབ་ཁང་། འཐུས་མིའི་དྲ་ཐོག་འགན་སྒྲུབ་སྟེགས་བུ་ནི་གྲོས་ཚོགས་མི་བསྡུ་བའི་སྐབས་ཀྱི་འཐུས་མིའི་འགན་སྒྲུབ་འདྲེན་བྱེད་གལ་ཆེན་ཡིན་པ་དང་། ད་ལོར་ཞིང་སྡེ་ཡོངས་སུ་ཁེབས་པར་བྱེད་དགོས། འཐུས་མིའི་འབྲེལ་འདྲིས་ཁང་དང་འཐུས་མིའི་ལས་སྒྲུབ་ཁང་གི་སྟེགས་བུ་གཉིས་དང་དྲ་རྒྱའི་སྟེགས་བུ་མཉམ་བསྲེས་ཟབ་མོ་བྱེད་པ་དང་། ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འཐུས་མིའི་ཁྱིམ་ཚང་དང་མང་ཚོགས་ཀྱི་ཁྱིམ་ཚང་། མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཟམ་ཐག་ལྟ་བུར་འགྱུར་དགོས། བྱེད་ཐབས་གཉིས་དང་དུས་རབས་གསར་བའི་དམངས་ཆེན་བྱ་བའི་ཐད་ཀྱི་གྲོས་གཞི་སོགས་ཡིག་ཆ་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ་དང་། དམངས་ཆེན་འཐུས་མིའི་རང་བཞིན་དྲུག་གི་གནས་ཐིག་གཏན་ཁེལ་ལ་དམིགས་ནས། འཐུས་མིའི་གཙོ་གཞི་ནུས་པ་འདོན་སྤེལ་བྱེད་པ་དང་། འཐུས་མིའི་འགན་སྒྲུབ་ནུས་པ་ཇེ་དྲག་ཏུ་གཏོང་བ། འདུ་ཤེས་གསར་བས་འཐུས་མིའི་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།