མཱ་ཝེ་ཡིས་མངག་བཅོལ་ལྟར་ཁྲིམས་འཛུགས་རྗེས་ཀྱི་དཔྱད་འཇོག་སྤེལ་བའི་གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་ནན་མོ་བྱས་ནས། ཁྲིམས་འཛུགས་རྗེས་ཀྱི་དཔྱད་འཇོག་བྱ་བའི་གྲུབ་འབྲས་བསྒྱུར་བ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་བཅུ་བཞི་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་ལ་མངག་བཅོལ་བྱས་ནས་རང་ཞིང་གི་བཅའ་ཁྲིམས་དྲིལ་སྒྲོག་སློབ་གསོའི་སྲོལ་ཡིག་བཙུགས་རྗེས་ཀྱི་དཔྱད་འཇོག་སྤེལ་བའི་གྲོས་ཚོགས་བསྡུས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་མཱ་ཝེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

མཱ་ཝེ་ཡིས་བསྟན་དོན། ཁྲིམས་འཛུགས་རྗེས་ཀྱི་དཔྱད་འཇོག་བྱ་བ་སྤེལ་བ་ནི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉེ་བའི་ལོ་འགའི་རིང་ཧ་ཅང་མཐོང་ཆེན་བྱས་ནས་སྤེལ་བའི་བྱ་བ་གལ་ཆེན་ཞིག་ཡིན་པ་དང་། དེའི་དམིགས་འབེན་ནི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལག་བསྟར་གྲུབ་འབྲས་ལ་ཞིབ་བཤེར་དཔྱད་འཇོག་བྱས་པ་བརྒྱུད་དེ། ཁྲིམས་འཛུགས་ཀྱི་སྤུས་ཚད་ལ་དབྱེ་ཞིབ་གདེང་འཇོག་བྱེད་པ་མ་ཟད། དག་བཅོས་བྱེད་པ་དང་འཐུས་ཚང་དུ་གཏོང་བའི་གྲོས་གཞི་བཏོན། ཁྲིམས་འཛུགས་རྗེས་ཀྱི་དཔྱད་འཇོག་སྤེལ་བ་ནི་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པ་དང་། ཁྲིམས་འཛུགས་སྤུས་ཚད་མཐོར་འདེགས་བཏང་སྟེ། ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ཟེར།

མཱ་ཝེ་ཡིས་ནན་གྱིས་བསྟན་དོན། བཅའ་ཁྲིམས་དྲིལ་སྒྲོག་སློབ་གསོའི་སྲོལ་ཡིག་ཐད་ནས་ཁྲིམས་འཛུགས་རྗེས་ཀྱི་དཔྱད་འཇོག་སྤེལ་བ་ནི་བདུན་ལྔའི་བཅའ་ཁྲིམས་ཁྱབ་གདལ་གྱི་གྲུབ་འབྲས་དང་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་། བརྒྱད་ལྔའི་བཅའ་ཁྲིམས་ཁྱབ་གདལ་འགོ་རྩོམ་པ་དང་སྤེལ་བ། སྤྱི་ཚོགས་ལ་སྔར་ལས་སྤུས་ལེགས་ཀྱི་བཅའ་ཁྲིམས་སྤྱི་ཐུན་ཞབས་ཞུ་ཐོན་རྫས་འདོན་སྤྲོད་བྱེད་པ་བཅས་ལ་ཕན་པ་ཆེན་པོ་ཡོད་པའི་བྱ་བ་ཞིག་ཡིན་པས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། དཔྱད་འཇོག་གི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། བྱ་བའི་བསམ་ཕྱོགས་གསར་གཏོད་བྱེད་པ། དྲང་གཞག་དང་ཚན་རིག་དང་མཐུན་པ་དང་ཚད་དང་ལྡན་པ། སྤྱི་དམངས་དེའི་ཁྲོད་ཞུགས་པའི་རྩ་དོན་ལ་དམིགས་ནས། ཁྲིམས་མཐུན་རང་བཞིན་དང་ལུགས་མཐུན་རང་བཞིན། ལག་བསྟར་རང་བཞིན་སོགས་ཚད་གཞི་ལ་ལྟ་རྟོག་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རྩ་འཛུགས་ལག་བསྟར་བྱས་ཏེ། དཔྱད་འཇོག་བྱ་བའི་ཚད་ལྡན་ཅན་གྱི་ལམ་ལུགས་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་དཔུང་སྡེ་དང་བསླབ་ཚན་འཛུགས་སྐྲུན་སོགས་ཕྱོགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཡིག་ཐོག་བརྟག་བཤེར་དང་ཡུལ་དངོས་ལྟ་ཞིབ། འཕྲིན་ཡིག་བསྐུར་བ། མི་ཁ་ཤས་ལ་གླེང་མོལ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། དཔྱད་འཇོག་གི་ཚན་རིག་རང་བཞིན་དང་དམངས་གཙོ་རང་བཞིན་མཐོར་འདེགས་བཏང་སྟེ། སྤུས་ཚད་མཐོན་པོས་དཔྱད་འཇོག་སྙན་ཞུ་དང་བཅའ་ཁྲིམས་བཟོ་བཅོས་གྲོས་གཞི་གྲུབ་པར་བྱེད་པ་དང་། གྲུབ་འབྲས་བཟང་བོས་ཏང་གི་ལོ་བརྒྱའི་སྐྱེས་སྐར་ལ་ལེགས་སྐྱེས་འབུལ་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།