མཚོ་སྔོན་ཞིང་ཆེན་སྲིད་གཞུང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཐེངས་གསུམ་པ་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས༢༠༢༠ལོའི་དབང་བོ་སྐྱོན་ཅན་བྱ་བར་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། ༢༠༢༡ལོའི་དབང་བོ་སྐྱོན་ཅན་གྱི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། དབང་བོ་སྐྱོན་ཅན་ནི་སྤྱི་ཚོགས་ཁྱིམ་གཞི་ཆེན་པོའི་ཁོངས་མི་དང་། ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཁེ་བཟང་རག་མཁན་དང་ཟབ་ཞུགས་པ། འཛུགས་སྐྲུན་མཁན་ཡིན་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་དབང་བོ་སྐྱོན་ཅན་ལ་སེམས་ཁུར་དང་དོ་སྣང་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་འགུལ་སྐྱོད་ཀྱི་རང་རྟོགས་བརྟན་སྲུང་བྱེད་པ་དང་། ཞན་ཆ་ཁ་གསབ་དང་ཚད་མཐའ་དམ་སྲུང་བྱེད་པ་དང་དཀའ་ངལ་ཁྱད་སེལ་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ་བཅས་དབང་བོ་སྐྱོན་ཅན་བྱ་བའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ། དབང་བོ་སྐྱོན་ཅན་གྱི་ཁེ་ཕན་དང་འབྲེལ་བའི་དོན་བཟང་བཟང་བོར་བསྒྲུབ་པ་དང་དོན་དངོས་བཟང་བོར་བསྒྲུབ་ནས། དབང་བོ་སྐྱོན་ཅན་ལ་སྤུས་ལེགས་འཚོ་བ་བསྐྲུན་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཐོག་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་མཐོ་ཚད་དུ་འགྲེང་ནས་དབང་བོ་སྐྱོན་ཅན་བྱ་བར་འཆར་འགོད་དང་འགན་སྲུང་། འདེགས་སྐྱོར་བྱས་ནས། དབང་བོ་སྐྱོན་ཅན་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། སྲིད་ཇུས་ལག་བསྟར་ལ་ཤུགས་སྣོན་པ་དང་། དམིགས་བསལ་གཟིགས་སྐྱོང་གི་ཚད་གཞི་ཚད་ལྡན་དུ་གཏོང་བ། སྤྱི་ཚོགས་ཀྱི་ཐོན་ཁུངས་མཉམ་བསྲེས་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་གཉིས་སྦྲེལ་མཐུད་བཟང་བོ་བྱེད་དགོས། ཞབས་ཞུ་འགན་སྲུང་ལེགས་བསྒྱུར་བྱེད་པ་དང་། མཁོ་འདོན་སྣེ་གཉིས་ཀྱི་གནས་བབ་ལ་རྒྱུས་ལོན་བྱེད་པ། དབང་བོ་སྐྱོན་ཅན་དུ་འགྱུར་བར་སྔོན་འགོག་དང་ལུས་གསོ་ཞབས་ཞུ་ལ་དོ་སྣང་བྱེད་པ། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་སྐྲུན་བྱ་བ་བཟང་བོར་བསྒྲུབ་ནས། ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས། བཅོས་བསྒྱུར་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དབང་བོ་སྐྱོན་ཅན་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཁོར་ཡུག་ལེགས་བསྒྱུར་བྱེད་པ། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་བཏང་སྟེ། དབང་བོ་སྐྱོན་ཅན་གྱིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།