མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཆུ་ལོག་འགོག་པ་དང་ཐན་སྐྱོན་སེལ་བའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཡོངས་ཀྱི་ཆུ་ལོག་འགོག་པ་དང་ཐན་སྐྱོན་སེལ་བའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་གྲོལ་རྗེས། ཞིང་ཆེན་སྲིད་གཞུང་གིས་མྱུར་དུ་ཞིང་ཆེན་ཡོངས་ཀྱི་ཆུ་ལོག་འགོག་པ་དང་ཐན་སྐྱོན་སེལ་བའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཆུ་ལོག་དང་ཐན་སྐྱོན་འགོག་པའི་བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་ལིས་ཅེ་ཞང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་དེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་སྐྱོབ་དང་ཆུ་ལོག་དང་ཐན་སྐྱོན་འགོག་པའི་བྱ་བར་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་དང་བླང་བྱ་ལག་བསྟར་བྱེད་པ། རྒྱལ་ཡོངས་ཀྱི་ཆུ་ལོག་དང་ཐན་སྐྱོན་འགོག་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། ལྟ་ཞིབ་སྔོན་བརྡ་ལ་ཤུགས་སྣོན་པ་དང་། འཕྲལ་བསྟུན་གྲ་སྒྲིག་ཇེ་ཟབ་ཏུ་བཏང་སྟེ། གནོད་སྐྱོབ་གནོད་འགོག་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ལིས་ཅེ་ཞང་གིས་བསྟན་དོན། ཆུ་ལོག་དང་ཐན་སྐྱོན་འགོག་པའི་བྱ་བ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་ནམ་ཟླ་འགྱུར་ལྡོག་གི་གནོད་པ་ཐེབས་པ་ལྟར། རང་ཞིང་གི་ས་ཁུལ་ཁ་ཤས་ཀྱི་གནམ་གཤིས་མི་བཟང་བ་དང་། ཞིང་ཆེན་ཡོངས་ཀྱི་ཆུ་ལོག་དང་ཐན་སྐྱོན་འགོག་པའི་གནས་བབ་ཧ་ཅང་རྙོག་འཛིང་ཆེ་པས། ས་ཆ་དང་སྡེ་ཁག་སོ་སོས་གཅིག་གྱུར་འཆར་འགོད་གཅིག་དང་གཙོར་འཛིན་གཉིས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། རྒྱུན་འཁྱོངས་གཉིས་དང་བསྒྱུར་བ་གསུམ་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཆུ་ལོག་དང་ཐན་སྐྱོན་འགོག་པའི་ཐད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས། ཆར་འབབ་ཚད་དང་ཆུའི་གནས་ཚུལ་གྱི་ལྟ་ཞིབ་སྔོན་བརྡ་དང་ཆུ་ལོག་གི་གནས་ཚུལ་ཐད་ཀྱི་དབྱེ་ཞིབ་བརྡར་གཅོད་ལ་ཤུགས་སྣོན་པ་དང་། ཆ་འཕྲིན་བརྒྱུད་སྒྲོག་ཇེ་དྲག་ཏུ་བཏང་སྟེ། ཆུ་ལོག་དང་ཐན་སྐྱོན་འགོག་པའི་ཐད་དུས་ཐོག་དང་ཚན་རིག་དང་མཐུན་པ། ཕན་འབྲས་ལྡན་པའི་ཇུས་ཆོད་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས། ས་ཁོངས་གཙོ་བོ་འབུར་དུ་ཐོན་པར་བྱེད་པ་དང་། ཁྱོན་ཡོངས་ནས་རྟོག་སེལ་བྱེད་པ་དང་ཆུ་ལོག་འགོག་པའི་བདེ་འཇགས་ཉེན་ཁ་མཐའ་གཅིག་ཏུ་མེད་པར་བྱས་ནས། བདེ་འཇགས་ཀྱི་ཆུ་རགས་བརྟན་པོ་འཛུགས་དགོས། ཆུ་ལོག་འགོག་པ་དང་ཐན་སྐྱོན་འགོག་པ། ཉེན་ཁ་ཐག་གཅོད་པ། གནོད་སྐྱོབ་བྱེད་པར་རྐང་འཛུགས་པ་དང་། འགོག་རྒོལ་ནན་མོ་བྱེད་པའི་རེ་བ་ལྟར། འཕྲལ་བསྟུན་ཇུས་གཞི་འཐུས་ཚང་དུ་གཏོང་བ་དང་། རོགས་སྐྱོར་འཁྲབ་སྦྱོང་སྤེལ་བ། འཕྲལ་བསྟུན་གྲ་སྒྲིག་བཟང་བོ་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།