ཝུའུ་ཞའོ་ཅུན་གྱིས་མཚོ་ཤར་གྲོང་ཁྱེར་ལ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་མཚོ་ཤར་གྲོང་ཁྱེར་ཧོར་རིགས་རང་སྐྱོང་རྫོང་དང་། ཕིན་ཨན་ཆུས་སུ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྐོར་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་ལ་སློབ་སྦྱོང་བྱས་ཏེ། ཁྱོན་ཡོངས་ནས་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཞིང་སྡེ་རོང་འབྲོག་ཁུལ་གྱི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དང་། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བ་གཉིས་སྦྲེལ་མཐུད་བྱས་ཏེ། ཞིང་ལས་ཁྱོན་ཡོངས་ནས་རིམ་འཕར་དང་། ཞིང་སྡེ་ཁྱོན་ཡོངས་ནས་ཡར་རྒྱས། ཞིང་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ཧུའུ་ཀྲུའུ་རྫོང་དུ། ཝུའུ་ཞའོ་ཅུན་བུའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བ་དང་། ཐང་ཁྲོན་གྲོང་རྡལ་ཧྲོང་ཧྲུའུ་སྡེ་བ། བའེ་ཡོན་གྲོང་རྡལ་ཀྲའོ་ཀྲ་ཐན་སྡེ་བ་སོགས་སུ་སོང་ནས། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ། གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་རྒྱུས་ལོན་ཞིབ་མོ་བྱས། ཁོས་བཤད་རྒྱུར། དབུལ་ཐར་མཁྲེགས་གཏོར་དང་ཡུལ་གཞན་གནས་སྤོར་བརྒྱུད། པན་ཡན་སྡེ་བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། མང་ཚོགས་ཀྱི་འཚོ་བར་སྔར་ལས་ཇེ་སྐྱིད་སུ་སོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གོ་གུང་ཁྲན་ཏང་། སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་སྲོལ་བཅས་ལ་དྲིན་གཟོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་སྐད་ཆར་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་ཏེ། དྲིན་གཟོའི་སེམས་པ་དེ་ཡར་བརྩོན་གྱི་སྟོབས་ཤུགས་སུ་བསྒྱུར་ནས། དབུལ་ཐར་མཁྲེགས་གཏོར་གྱི་དགོངས་དོན་དར་སྤེལ་དང་། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ། འཇོན་མི་དར་རྒྱས། རིག་གནས་དང་སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་སུ་གཏོང་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་སྒོས། “ནམ་ཡང་ཏང་གི་རྗེས་སུ་འབྲངས”པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་དང་། གསར་བརྗེའི་སློབ་གསོའི་ལམ་ཐིག་སྐོར་ཞིག་འཆར་འགོད་བྱས་ནས། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་གསར་རྙིང་བསྡུར་བའི་ཁྲོད་སྒྲིག་སྲོལ་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ཟེར། 

ཕིན་ཨན་ཆུས་སུ། ཝུའུ་ཞའོ་ཅུན་མྱུར་བགྲོད་ལྕགས་ལམ་ཁུལ་གསར་དང་། སན་ཧི་གྲོང་རྡལ། ཕིན་ཨན་གྲོང་རྡལ་སོགས་སུ་སོང་ནས། གློག་རྡུལ་ཚོང་དོན་དབུལ་སྐྱོར་སྟེགས་བུ་དང་དབུལ་སྐྱོར་ཐོན་ལས་གླིང་། རིག་གནས་གནས་སྐོར་ཐོན་ལས་འཁོར་རྒྱུག་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཐོན་ལས་དར་རྒྱས་ནི་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་དང་འགན་སྲུང་ཡིན་ཞིང་། ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ལ་རྐང་བཙུགས་ཏེ། མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཟོང་རྟགས་གསར་སྐྲུན་བྱས་ནས། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཡུལ་གཞན་གནས་སྤར་རྗེས་ཀྱི་རྒྱུན་མཐུད་རོགས་སྐྱོར་ལ་ཤུགས་བསྣན་ཏེ། སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་དང་། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ལས་ཞུགས་ལས་སྐྲུན་ལ་རོགས་རམ་བྱས་ནས། མང་ཚོགས“གནས་སྤར་ཐུབ་པ་དང་གཏན་འཇགས་ཡོང་ཐུབ་པ། ལས་དོན་སྒྲུབ་རྒྱུ་ཡོད་པ། ཕྱུག་འགྱུར་ཡོང་ཐུབ་པ”བཅས་བྱེད་དགོས་པར་བསྟན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།