རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཀྲུང་དབྱང་ལྟ་སྐུལ་སློབ་སྟོན་ཚན་ཆུང་ཐེངས་བཅོ་ལྔ་པས་ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་ལས་ཁུངས་ལ་འཚམས་འདྲི་བྱས་པ་མ་ཟད་མཚོ་ཤར་དུ་ལྟ་སྐུལ་སློབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས10ནས་ཚེས13ཉིན་བར། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཀྲུང་དབྱང་ལྟ་སྐུལ་སློབ་སྟོན་ཚན་ཆུང་ཐེངས་བཅོ་ལྔ་པའི་ཙུའུ་ཀྲང་གཞོན་པ་མཱ་ཀྲེན་ཆི་ཡིས་ལྟ་སྐུལ་སློབ་སྟོན་ཚན་ཆུང་གི་ཁོངས་མིའི་སྣེ་ཁྲིད་དེ་ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་བཙོན་ཁང་དོ་དམ་ཅུས། མཚོ་ཤར་གྲོང་ཁྱེར། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བཅས་སུ་ཕྱིན་ནས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ལ་ལྟ་སྐུལ་སློབ་སྟོན་བྱེད་པའི་ལས་དོན་སྤེལ།

ལྟ་སྐུལ་སློབ་སྟོན་བྱེད་སྐབས། ལྟ་སྐུལ་སློབ་སྟོན་ཚན་ཆུང་གིས་གོང་གསལ་གྱི་ལས་ཁུངས་དང་ས་ཁུལ་གྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཐེངས་དང་པོའི་ལས་དོན་སྤེལ་ཚུལ་གྱི་སྙན་ཞུར་ཉན་པ་དང་། བཞུགས་མོལ་ཚོགས་འདུ་འཚོགས་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ཁེ་ལས། སྡེ་ཁུལ་གྱི་སྡེ་མའི་འཐུས་མི་སོགས་ཀྱི་སློབ་གསོ་དག་ཐེར་ལས་དོན་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པ་མ་ཟད། གཞི་རིམ་སྲིད་ཁྲིམས་ལས་ཁུངས་སུ་སོང་ནས་སློབ་གསོ་དག་ཐེར་གྱི་འཕེལ་རིམ་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་བ་དང་། སློབ་གསོ་དག་ཐེར་ཐེངས་དང་པོ་མགོ་ལེགས་པར་བརྩམས་པར་ཁས་ལེན་བྱས་ཏེ། ཞིབ་བཤེར་དག་ཐེར་གོ་རིམ་ལེགས་པར་སྤེལ་བར་ཞིབ་ཕྲའི་བླང་བྱ་བཏོན། 

མཱ་ཀྲེན་ཆིས་དཔེ་བསྡུར་ཚད་བསྡུར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག ཞིབ་བཤེར་དག་ཐེར་གོ་རིམ་གྱི་སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས། ཐོག་མཐའ་བར་གསུམ་དུ་སློབ་གསོ་དག་ཐེར་གྱི་ཡང་དག་པའི་ཁ་ཕྱོགས་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཐུབ་པར་འགན་ལེན་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་སྣེ་ཁྲིད་དུ་བྱས་ཏེ་ཆབ་སྲིད་སློབ་གསོ་དང་། ཉེན་ཟོན་སློབ་གསོ། དཔའ་བོ་དང་དཔེ་བཟང་སློབ་གསོ་དང་ཞིབ་བཤེར་དག་ཐེར་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་ཞིབ་བཤེར་ལ་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད། སློབ་སྦྱོང་བྱས་ཏེ་ནན་ཏན་གྱིས་ལེགས་བཅོས་བྱེད་ཐུབ་པ། སྲིད་ཇུས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས་སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་། “རང་བཤེར་གུ་ཡངས་དང་ཞིབ་བཤེར་ནན་མོ་བྱེད་པའི”སྲིད་ཇུས་སྤྱོད་པ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ཕན་འབྲས་དང་། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ནུས་ལྡན་ཡོང་བ་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།