2021ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་གྲངས་དང་འཆར་ལྡན་བུ་སྐྱེས་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན། 2021ལོའི་ཞིང་ཆེན་མི་གྲངས་དང་འཆར་ལྡན་བུ་སྐྱེས་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་འཆར་ལྡན་བུ་སྐྱེས་བྱ་བ་དང་། 2020ལོའི་དམིགས་འབེན་དཔྱད་ཞིབ་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། 《2021ལོའི་འཆར་ལྡན་བུ་སྐྱེས་དམིགས་འབེན་དོ་དམ་འགན་འཁྲི་སྒྲིག་སྲོལ་དཔྱད་ཞིབ་བྱ་ཐབས》ལ་གྲོས་ཞིབ་བྱས་ཤིང་། 2021ལོའི་འཆར་ལྡན་བུ་སྐྱེས་དམིགས་འབེན་དོ་དམ་འགན་ལེན་ཡི་གེའི་སྟེང་མིང་རྟགས་བཀོད། ཧྲིན་ཀྲང་གཞོན་པའམ། ཞིང་ཆེན་མི་གྲངས་དང་འཆར་ལྡན་བུ་སྐྱེས་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཁོང་ཡུང་གྲོས་ཚོགས་སུ་ཞུགས་ཤིང་གཏམ་བཤད།

ཁོང་ཡུང་གིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་འཆར་ལྡན་བུ་སྐྱེས་ཀྱི་རྩ་བའི་སྲིད་ཇུས་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་བྱིས་པ་གཉིས་ཀྱི་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་བཏང་ནས། མི་གྲངས་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། མི་གྲངས་རྒན་འགྱུར་ལ་གདོང་གཏད་དེ། ཞིང་ཆེན་ཡོངས་ཀྱི་མི་གྲངས་དང་འཆར་ལྡན་བུ་སྐྱེས་བྱ་བར་ཧུར་ཐག་གི་ཕན་འབྲས་བླངས་ཤིང་། སྐྱེས་འཕེལ་ཞབས་ཞུའི་སྲིད་ཇུས་སྔར་ལས་འཐུས་ཚང་དང་། སྤྱི་ཚོགས་ཁོར་ཡུག་སྔར་ལས་འཐུས་ཚང་། བདེ་ཐང་ཞབས་ཞུ་སྔར་ལས་མཐོར་འདེགས་སུ་བཏང་ཞིང་། དེ་ཐང་རྟགས་ཚད་གཙོ་བོ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་བར་ཐག་ཇེ་ཆུང་དུ་བཏང་།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏན་ཏིག་གིས་གནས་བབ་ལ་ངེས་ཤེས་གསལ་བོ་ཡོད་དགོས་པ་དང་། མི་གྲངས་ཀྱི་དུས་ཡུན་རིང་བོའི་དོ་མཉམ་འཕེལ་རྒྱས་དང་དམ་དུ་འབྲེལ་ཏེ། མི་གྲངས་སྤུས་ཚད་མཐོར་འདེགས་སོགས་ཀྱི་དམིགས་འབེན་ལ་སྐུལ་འདེད་བཏང་ནས། སྐྱེས་འཕེལ་གྱི་སྤྱི་ཚོགས་ཁོར་ཡུག་གསར་སྐྲུན་བྱེད་པ་དང་། མ་བུའི་བདེ་ཐང་ཞབས་ཞུའི་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཁྱོན་ཡོངས་ནས་གནས་བབ་གསར་བའི་འོག་གི་འཆར་ལྡན་བུ་སྐྱེས་བྱ་བ་སོ་སོ་ལེགས་པོར་སྒྲུབ་ཏེ། ཞིང་ཆེན་ཡོངས་ཀྱི་འཆར་ལྡན་བུ་སྐྱེས་བྱ་བ་དུས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།