ལྗང་མདོག་འཕེལ་རྒྱས་ཀྱི་ནུས་རྒྱུ་གཙང་མས་མ་འོངས་པ་གསར་སྐྲུན་བྱེད།

འདི་ནི་མཚོ་སྔོན་ནས་ཧོ་ནན་བར་གྱི་ཆན་ཧྥུའུ±800ཡི་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་བཟོ་སྐྲུན་ཧོ་ནན་ལྷོའི་འཁོར་རྒྱུག་གློག་གཏོང་ས་ཚིགས་རེད། 

མཚོ་སྔོན་ནས་ཧོ་ནན་བར་གྱི་ཆན་ཧྥུའུ±800ཡི་ཆེས་མཐོ་གནོན་ཐད་རྒྱུག་གློག་གཏོང་བཟོ་སྐྲུན་ནི་འཛམ་གླིང་གི་ནུས་རྒྱུ་གཙང་མའི་ཕྱིར་སྐྱེལ་འཛུགས་སྐྲུན་གྱི་ཆེས་མཐོ་གནོན་བགྲོད་ལམ་དང་པོ་དེ་ཡིན། ལས་སྐྲུན་དེ2020ལོའི་ཟླ12པའི་ཚེས30ཉིན་དངོས་སུ་སྤྱོད་མགོ་ཚུགས་ཤིང་། ལོ་རེར་ནུས་རྒྱུ་གཙང་མའི་གློག་ཤུགས་ཆན་ཝ་དུང་ཕྱུར400མཚོ་སྔོན་ནས་ཀྲུང་ཡོན་ས་ཁུལ་དུ་ཐད་ཀར་འདྲེན་ཐུབ་པ་དང་། དེས་ཧོ་ནན་གྱི་ལོའི་གློག་སྤྱོད་ཚད་ཀྱི་བརྒྱད་ཆའི་གཅིག་བཟུང་ཡོད་ལ། ཧོ་ནན་གྱིས་རྡོ་སོལ་ཟད་ཚད་ཏུན་ཁྲི1800ཙམ་གྲོན་ཆུང་བྱེད་ཐུབ་པ་མ་ཟད། དབྱང་གཉིས་ཐཱན་རྫས་ཏུན་ཁྲི2960ཇེ་ཉུང་དུ་གཏོང་ཐུབ། 

འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཁོངས་ཀྱི་ཏ་ཐང་མཚོ་སྔོན་ཀུང་སིའི་ནུས་རྒྱུ་གསར་བའི་ཡན་ལག་ཀུང་སིའི་འོད་ཤུགས་གློག་ཁང་གི་ཟུར་ཞིག་རེད། 

རང་རྒྱལ་གྱིས་མགྱོགས་མྱུར་ངང་ནུས་རྒྱུ་གསར་བ་དང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་འཕེལ་རྒྱས་བཏང་བས་ནུས་རྒྱུའི་འཛད་སྤྱོད་གྲུབ་ཆ་ཟམ་མི་ཆད་པར་ཇེ་ལེགས་སུ་ཕྱིན་པ་དང་། ནུས་རྒྱུའི་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་ཐེབས་ཤིང་། ནུས་རྒྱུ་གཙང་མའི་འཛད་སྤྱོད་ཀྱི་བསྡུར་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ལ། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་སྒྲིག་སྦྱོར་འཕྲུལ་འཁོར་མགྱོགས་མྱུར་ངང་འཕར་ཡོད། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་དང2035ལོའི་རྒྱང་རིང་དམིགས་ཚད་རྩ་གནད་གཞིར་བཟུང་། རང་རྒྱལ་གྱིས་ནུས་རྒྱུ་གཙང་མ་ཐཱན་ཉུང་ཞིང་བདེ་འཇགས་དང་ཕན་འབྲས་ཆེ་བའི་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས། ནུས་རྒྱུ་གསར་བ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་སོགས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ཐུབ་པར་སྐུལ་འདེད་བཏང་ཡོད། ཀྲུང་གོ་བ་དུང་ཕྱུར14བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་ཐོག་བསྐྱོད་དེ་བུ་རབས་ཚ་རྒྱུད་ལ་གནམ་སྔོ་ཞིང་ས་ལྗང་ཁུ། ཆུ་དྭངས་བའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།